ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

མཚོ་སྔོན་དུ་ས་མཐོའི་གསོ་རིག་ཞིབ་འཇུག་ལྟེ་གནས་དངོས་སུ་བཙུགས་པ།

སྤེལ་དུས 2024-06-19 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།
             ཉེ་བའི་ལོ་ཤས་རིང་། མཚོ་སྔོན་ཞིང་ཆེན་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས། མི་དམངས་རྩ་བའི་རྩེ་ལ་འཛིན་པ་དང་། ཚེ་སྲོག་གོང་མའི་གོང་དུ་བཀུར་རྒྱུ་མཐའ་འཁྱོངས་བྱས་ཐོག མཚོ་བོད་ས་མཐོའི་ཁོར་ཡུག་ཐོན་ཁུངས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་དང་། རྩེ་རིམ་ཇུས་འགོད་ལ་ཤུགས་སྣོན་རྒྱག་པ། སྤུས་ལེགས་ཐོན་ཁུངས་བསྡུ་སྒྲིལ་བཅས་བྱས་ཏེ། ས་མཐོའི་གསོ་རིག་ཞིབ་འཇུག་ལྟེ་གནས་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ཡོད། ཟླ6པའི་ཚེས13ཉིན་མཚོ་སྔོན་ཟི་ལིང་དུ་ས་མཐོའི་གསོ་རིག་ཞིབ་འཇུག་ལྟེ་གནས་དངོས་སུ་བཙུགས་ཤིང་། མཚོ་སྔོན་གྱི་ས་མཐོའི་གསོ་རིག་ཞིབ་འཇུག་ལས་དོན་རྒྱང་སྐྱོད་ཀྱི་ལམ་བུ་གསར་པ་འགོ་བཙུགས་པ་དང་སྐས་རིམ་གསར་པར་སླེབས་པ་མཚོན་གྱི་ཡོད།

             ས་མཐོའི་གསོ་རིག་ཞིབ་འཇུག་ལྟེ་གནས་ཀྱིས་མཚོ་སྔོན་ཞིང་ཆེན་ཀླད་སྙིང་ཁྲག་རྩའི་ནད་ཀྱི་ཆེད་ལས་སྨན་ཁང་གཞི་རྟེན་དུ་བྱས་པ་དང་། མཚོ་སྔོན་སློབ་ཆེན་གསོ་རིག་པུའུ་དང་། ཞིང་ཆེན་མི་དམངས་སྨན་ཁང་། ཞིང་ཆེན་ཀྲུང་ལུགས་སྨན་ཁང་། ཞིང་ཆེན་སྨན་རྩིས་ཁང་། ཞིང་ཆེན་ས་གནས་ནད་རིགས་སྔོན་འགོག་ཚོད་འཛིན་ཁང་བཅས་རྟེན་གཞིར་བྱས་ཐོག རྒྱལ་ཁབ་ཕྱི་ནང་གི་སྡེ་ཚན་དང་སྒྲིག་གཞི་མང་པོ་མཉམ་ལས་མནའ་འབྲེལ་གྱི“1+5+N”ཚན་ཞིབ་མཉམ་ལས་མ་ལག་ཏུ་བརྩིས་ཏེ། ས་མཐོའི་གསོ་རིག་གི“ལྟེ་གནས་ལྔ་དང་རྟེན་གཞི་གཅིག” “སྟེགས་བུ་དྲུག་”བཅས་ཧུར་ཐག་གཏོད་དེ་ཀྲུང་ལུགས་དང་བོད་ལུགས་གསོ་རིག་སྨན་དང་སྨན་བཅོས་རྒྱུད་འཛིན་གསར་གཏོད་ལ་སྐུལ་འདེད་གཏོང་རྒྱུ་ཡིན།

             ས་མཐོའི་གསོ་རིག་ཞིབ་འཇུག་ལ་དམིགས་ནས“10+N”ཆེད་དོན་ཞིབ་འཇུག་བྱ་སྤྱོད་སྤེལ་བ་དེའི་ནང་དལ་བའི་ས་མཐོའི་ནད་དང་། གློ་སྙིང་ནད། བྱིས་པའི་ལྷན་སྐྱེས་སྙིང་ནད། ས་མཐོའི་རུས་ཚིགས་ནད། ཐུམ་འབུའི་ནད། ས་མཐོའི་འཕྲོད་སྦྱོར་སྦྱོང་བརྡར། གཉིད་ཉལ་བར་གེགས། གཞི་ཁྱོན་ཆེ་བའི་ས་མཐོའི་འབྲེལ་ཡོད་ནད་རིགས་ཀྱི་བརྟག་དཔྱད། དེ་བཞིན་ས་མཐོའི་སྦྲུམ་མའི་སྐྱེ་འཕེལ་བདེ་སྲུང་སོགས་ཀྱི་ཚུད་ཡོད། མཚོ་སྔོན་ས་མཐོའི་གསོ་རིག་ཞིབ་འཇུག་གི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས་འཁོར་སྐྱོད་ལམ་སྲོལ་དང་། དོ་དམ་སྒྲིག་གཞི། ལྟེ་བའི་ཚོགས་པ་བཅས་རིམ་བཞིན་འཛུགས་པ་དང་འཐུས་ཚང་དུ་བཏང་སྟེ་ཤེས་ལྡན་མི་སྣའི་སྣེ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་ཚན་རྩལ་གསར་གཏོད་ལ་སྐུལ་འདེད་གཏོང་བ། ཁྱབ་ཁོངས་གཙོ་གནད་དང་ཞིབ་འཇུག་བྱ་གཞི་གལ་ཆེན་འགག་སྒྲོལ་བཅས་ཀྱིས་བཀོད་སྒྲིག་ལུགས་མཐུན་གྱི་ས་མཐོའི་གསོ་རིག་ཞིབ་འཇུག་མ་ལག་རིམ་བཞིན་ཆགས་པ་དང་ས་མཐོའི་གསོ་རིག་སྤུས་མཐོའི་གོང་འཕེལ་ལ་སྐུལ་འདེད་གཏོང་རྒྱུ་ཡིན།

             ཤེས་རྟོགས་བྱུང་བར་གཞིགས་ན། མཚོ་སྔོན་ས་མཐོའི་གསོ་རིག་ཞིབ་འཇུག་ལས་དོན་ཐད། མིག་སྔའི་བར་ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོའན་ཧྲི་ཝུའུ་ཐེན་དབྱིས་སྣེ་ཁྲིད་པའི་བང་རིམ་མང་བ་དང་རིག་ཚན་སྣ་མང་གི་ཆུ་ཚད་མཐོ་བའི་ཚན་ཞིབ་དཔུང་ཁག་ཅིག་འདུས་ཡོད། ཚན་ཞིབ་དཔུང་ཁག་གི་མི་གྲངས་བསྡོམས་འབོར་ཁྲི1.6ལས་བརྒལ་བའི་ནང་གསོ་རིག་ཆེད་ལས་ལག་རྩལ་མི་སྣ་ཁྲི1.3ལྷག་ཙམ་ཡོད་པ་དང་། མཐོ་སྒང་གསོ་རིག་ཞིབ་འཇུག་ཆེད་མངགས་བྱེད་མཁན1243ཡོད། ཁོང་ཚོས་དུས་ཡུན་རིང་པོར་ས་མཐོའི་གསོ་རིག་ཞིབ་འཇུག་གི་ལས་དོན་སྤེལ་ནས་དོས་དྲག་དང་དལ་བའི་རང་བཞིན་གྱི་ས་མཐོའི་ནད་དང་། ས་མཐོའི་གསོ་རླུང་ཉུང་བའི་འཕྲོད་སྦྱོར། ས་མཐོའི་ནད་སྐྱོང་་བཅས་དང་དེ་བཞིན་ཐུམ་འབུའི་ནད་གཙོ་བོར་བྱེད་པའི་འགོས་ནད་འགོག་བཅོས་སོགས་ཀྱི་ཐད་ཞིབ་འཇུག་བྱས་པར་གྲུབ་འབྲས་གལ་ཆེན་ཐོབ་ཡོད།

རྩོམ་སྒྲིག་པ། དཔལ་གཡང་།