ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

2024ལོར་ལས་འཁྱུར་ངལ་གསོའི་རྒན་གསོའི་དངུལ3%མཐོ་རུ་གཏོང་རྒྱུ།

སྤེལ་དུས 2024-06-19 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།

             མི་ཤུགས་སྤྱི་ཚོགས་འགན་སྲུང་པུའུ་དང་ནོར་སྲིད་པུའུ་ཡིས་ཟླ6པའི་ཚེས17ཉིན《2024ལོར་ལས་འཁྱུར་ངལ་གསོ་རྒྱག་མཁན་གྱི་གཞི་རྩའི་རྒན་གསོའི་དངུལ་ལེགས་སྒྲིག་བྱ་རྒྱུའི་སྐོར་གྱི་བརྡ་ཐོ》ཁྱབ་བསྒྲགས་བྱས་པ་དང་། བརྡ་ཐོའི་ནང2024ལོའི་ཟླ་དང་པོའི་ཚེས1ཉིན་ནས་བཟུང་། 2023ལོའི་ལོ་མཇུག་གོང་གཏན་འབེབས་ལྟར་ལས་འཁྱུར་ངལ་གསོའི་འགྲོ་ལུགས་གཉེར་རྒྱུ་དང་ཟླ་རེ་བཞིན་རྒན་གསོའི་དངུལ་ལེན་པའི་ཁེ་ལས་དང་ལས་ཁུངས། བྱ་གཞག་ཚན་པའི་ལས་འཁྱུར་ངལ་གསོའི་རྒྱག་མཁན་གྱི་གཞི་རྩའི་རྒན་གསོའི་དངུལ་གྱི་ཆུ་ཚད་མཐོ་རུ་གཏོང་རྒྱུ་ཡིན་ཞིང་། སྤྱིའི་ལེགས་སྒྲིག་ཆུ་ཚད་ནི2023ལོར་ལས་འཁྱུར་ངལ་གསོ་རྒྱག་མཁན་གྱི་མི་རེའི་ཆ་སྙོམས་གཞི་རྩའི་རྒན་གསོའི་དངུལ3%མཐོ་རུ་གཏོང་རྒྱུ་རེད།
             མི་ཤུགས་སྤྱི་ཚོགས་འགན་སྲུང་པུའི་རྒན་གསོའི་འགན་བཅོལ་སིའི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། ཐེངས་འདིའི་ལེགས་སྒྲིག་ལ་མུ་མཐུད་བཅད་གྲངས་ལེགས་སྒྲིག་དང་འབྲེལ་མཐུད་ལེགས་སྒྲིག་བྱེད་ཐབས་ལག་བསྟར་བྱེད་པ་དང་། གསེག་གཞོལ་འོས་འཚམ་དང་ཟུང་འབྲེལ་བྱེད་པའི་ལེགས་སྒྲིག་བྱེད་ཐབས་གང་མཚམས་ཀྱི་ཕྱོགས་གཅིག་ལ་ཕྱོགས་པའི་བྱ་ཐབས་སྤྱད་དེ་ལེགས་སྒྲིག་བྱས་ནས་སྤྱི་ཚོགས་དྲང་གཞག་མཚོན་པར་བྱེད་རྒྱུ་རེད།
             ས་ཁུལ་གཅིག་གི་ལས་འཁྱུར་ངལ་གསོ་རྒྱག་མཁན་སྣ་ཚོགས་ཀྱི་ལེགས་སྒྲིག་བྱེད་པའི་ཚད་གཞི་འབྲེལ་མཐུད་ལེགས་སྒྲིག་བྱས་ནས“མང་འཇལ་མང་ཐོབ”དང“ཡུན་རིང་འཇལ་ན་མང་ཐོབ”ཡོང་བར་བྱས་ནས་ལས་གནས་སུ་ཡོད་སྐབས་དངུལ་མང་ཙམ་འཇལ་བ་དང་དངུལ་ཡུན་རིང་འཇལ་མཁན་ལ་རྒན་གསོའི་དངུལ་མང་ཙམ་ཐོབ་པའི་གཟིགས་སྐྱོང་འོས་འཚམ་བྱས་ནས་གཙོ་གནད་ཀྱི་ཐུགས་ཁུར་མཚོན། གཙོ་བོ་ལོ་ན་མཐོ་བའི་ལས་འཁྱུར་ངལ་གསོ་རྒྱག་མཁན་དང་དཀའ་ཚེགས་ཆེ་བའི་མཐའ་མཚམས་ས་ཁུལ་གྱི་ལས་འཁྱུར་ངལ་གསོ་རྒྱག་མཁན་སོགས་ལ་ལྟ་རྟོག་བྱེད་རྒྱུ་རེད།
             བརྡ་ཐོའི་ནང་ས་གནས་ཁག་གིས་ཞིབ་ཕྲའི་ཇུས་གཞི་བཟོས་ནས་སྒྲིག་འཛུགས་ལག་བསྟར་དམ་འཛིན་བྱས་ཏེ་གང་མགྱོགས་འཕར་སྣོན་བྱུང་བའི་གཞི་རྩའི་རྒན་གསོའི་དངུལ་ལས་འཁྱུར་ངལ་གསོ་བརྒྱབ་པའི་མི་སྣར་སྤྲོད་དགོས་པའི་བླང་བྱ་བཏོན་ཡོད།

རྩོམ་སྒྲིག་པ། དཔལ་གཡང་།