བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ། ཞི་ཅིན་ཕིང་དང་ཨར་པ་ནི་ཡའི་ཙུང་ཐུང་མའེ་ཐ་རྣམ་གཉིས་ཀྱིས་ཀྲུང་གོ་དང་ཨར་པ་ནི་ཡའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་70འཁོར་བར་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ། 《ཀྲུང་གོའི་བོད་ལྗོངས》དུས་དེབ་སྤེལ་ནས་ལོ་འཁོར་30ལོན་པ་དང་ཀྲུང་གོའི་བོད་ལྗོངས་དྲ་བ་བཙུགས་ནས་ལོ་འཁོར་20ལོན་པའི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས་པ། ཆེད་མཁས་པས2020ལོའི་བོད་ཀྱི་ལོ་སར་དང་དཔྱིད་གསར་དུས་ཆེན་གཉིས་བར་ཟླ་གཅིག་ཡོད་པའི་གསང་བ་བརྟོལ་བ། ཞི་ཅིན་ཕིང་གིས་ཨ་རིའི་རྒྱལ་དོན་བློན་ཆེན་ཟུར་པ་ཅིས་ཤིན་ཀེ་དང་མཇལ་འཛོམས་གནང་བ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསེར་རིའི་མི་སྣ།

རྒན་ཉི་མ་མཚམས་གཅོད་ལགས་དང་ནང་མ་སྟོད་གཞས་ཀྱི་ལས་འབྲེལ།

སྤེལ་དུས 2020-01-16 ཡོང་ཁུངས། བོད་ལྗོངས་ཉིན་ཚགས། རྩོམ་པ་པོ།

      ༄༅། །སྙན་དབྱངས་སྒྱུ་རྩལ་གྱི་ས་བོན། རྨད་བྱུང་ལེགས་སྐྱེས་ཀྱི་མི་ཚེ།
   —— གྲོང་ཁྱེར་རིམ་པའི་ལྷ་སའི་ནང་མ་སྟོད་གཞས་ཀྱི་རྒྱུན་འཛིན་བ། བོད་ལྗོངས་དམངས་ཁྲོད་སྒྱུ་རྩལ་མཁས་ཅན་མཐུན་ཚོགས་ཀྱི་ཚོགས་མི། རྒན་ཉི་མ་མཚམས་གཅོད་ལགས་ལ་བཅར་འདྲི་ཞུས་པ།
             ༄༅། །ཕུལ་བྱུང་སྒྱུ་རྩལ་གྱི་ལོ་རྒྱུས་ཡུན་རིང་ལྡན་ཞིང་། སྙན་དབྱངས་ཀྱི་འགྱུར་ཁུག་ཉམས་པ་མེད་པའི་བོད་ཀྱི་ནང་མ་སྟོད་གཞས་ནི།  རྣ་བས་ཇི་ཙམ་མཉན་ཀྱང་ངོམས་པ་མེད་པའི་དབྱངས་ཀྱི་སྟོན་མོ་ཞིག་དང་། མིག་གིས་ཇི་ཙམ་བལྟས་ཀྱང་ལྟ་འདོད་ཡིད་ཀྱི་ལོངས་སྤྱོད་ཇེ་ཆེར་གྱུར་པའི་དགའ་སྟོན་ཞིག་ཡིན་པ་དེ་བཞིན་དུ།  སླར་གསོ་དང་། རྒྱུན་འཛིན།  དར་རྒྱས་བཅས་ཆེ་བའི་དུས་སྐབས་འདི་ནི།  ནང་མ་སྟོད་གཞས་ལ་མངའ་བརྙེས་པའི་རྒན་ཉི་མ་མཚམས་གཅོད་ལགས་ཀྱིས་སྐུ་ཚེའི་སྨད་དུ་རང་ཉིད་ཀྱི་ལྟེ་ཁྲག་འཕོ་སར་ལེགས་སྐྱེས་ཆེན་པོ་འབུལ་བའི་དཔེ་བཟང་དུ་གྱུར་པའི་མི་ཚེའི་བྱ་གཞག་ཅིག་ཡིན་པས།   གསར་འགོད་པས་དེ་སྔོན་ནས་ཁོང་ལ་བཅར་འདྲི་ཞུ་རྒྱུའི་འདུན་པ་བཅངས་མོད།   འོན་ཏེ་ནང་མ་སྟོད་གཞས་ཀྱི་འཁྲབ་སྟོན་སློབ་ཁྲིད་ལ་བར་མཚམས་མེད་པའི་དབང་གིས་ད་བར་བཅར་འདྲིའི་གོ་སྐབས་མེད་པར་ལུས།
             སྟབས་ལེགས་པ་ཞིག་ལ་ཉེ་དུས་འཚོགས་པའི་བོད་རང་སྐྱོང་ལྗོངས་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་འཐུས་མི་ཚོགས་ཆེན་ཐེངས་དྲུག་པའི་སྐབས།   རྒན་ཉི་མ་མཚམས་གཅོད་ལགས་དམངས་ཁྲོད་སྒྱུ་རྩལ་མཁས་ཅན་མཐུན་ཚོགས་ཀྱི་ཚོགས་མིར་བདམས་ཐོན་བྱུང་སྟེ།  ཚོགས་འདུར་ཞུགས་གནང་བ་དང་བསྟུན་ནས།   དམངས་ཁྲོད་སྒྱུ་རྩལ་གྱི་ཞིང་ས་ཆེན་པོར་ཁོང་ཉིད་འཚར་ལོངས་ཇི་ལྟར་བྱུང་བའི་སྒྱུ་རྩལ་གྱི་མེ་ཏོག་ཅིག་ཏུ་ཇི་ལྟར་གྱུར་ཚུལ་དང་བོད་ཀྱི་གནའ་བོའི་སྒྱུ་རྩལ་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་གྱི་ལེགས་སྐྱེས་ཇི་ལྟར་ཕུལ་བའི་སྐོར་བཅར་འདྲི་ཞུས་པ་ཡིན།

             ཕ་མའི་ཤུགས་རྐྱེན་བཟང་པོ་ཡིས། །གང་གི་ལྷན་སྐྱེས་ཡོན་ཏན་འཕེལ།།
             ས་རྒྱུ་གཤིན་པའི་ཞིང་སར་བརླན་གཤེར་མ་ཕྲད་ཚེ།  དེར་བཏབ་པའི་སྐྱེ་དངོས་ཀྱི་ས་བོན་རྩ་བ་ཇི་ལྟར་ཚུགས།  སྐྱེས་ཕོ་མོ་སུ་ཞིག་ལ་ལྷན་སྐྱེས་ཀྱི་ཡོན་ཏན་ཇི་ལྟར་ལྡན་གྱུར་ཀྱང་། དེར་སྦྱང་བྱ་གང་དེའི་གནས་ལ་མཁས་པར་འགྱུར་བར་ཕྱོགས་གང་ཅིའི་ཐད་ཀྱི་མཐུན་རྐྱེན་མ་འཕྲད་ཚེ།  དེ་ཡང་འགྲུབ་དཀའ་བ་ནི་བྱ་དངོས་ཀྱི་ཆོས་ཉིད་ཡིན།
             གསར་འགོད་པས་བཅར་འདྲི་ཞུས་པ་བརྒྱུད། ཤེས་རྟོགས་བྱུང་བར། རྒན་ཉི་མ་མཚམས་གཅོད་ལགས་ཀྱང་ནང་མ་སྟོད་གཞས་ལ་མཁས་པར་གྱུར་པའི་ཐད།  ཁོང་ལ་གྲེ་བ་མཐོ་ལ་སྙན་པའི་འགྱུར་ཁུག་ལྡན་པའི་གསུང་གི་ཆ་རྐྱེན་དང་།  ཡང་ཤ་དོད་ལ་མཉེན་ཆ་དོད་པའི་རྐང་བྲོ་ཞབས་གཞས་སྒྱུ་རྩལ་གྱི་ཆ་ལག་ཡོངས་སུ་རྫོགས་པའི་ལྷན་སྐྱེས་ཀྱི་ཡོན་ཏན་ནམ་ཤེས་བྱ་ལྡན་པའི་ཐོག དེ་དང་གལ་ཆེ་གཅིག་མཚུངས་སུ་གྱུར་པ་སྟེ།   བསམ་ཤེས་ཐོངས་མ་ཐོངས་ཀྱི་བྱིས་པའི་སྐབས་ནས་ཕ་མ་གཉིས་ཀྱིས་དུས་ཁོམ་བྱུང་རིམ་བཞིན་ཁྱིམ་དུ་ནང་མ་སྟོད་གཞས་ལ་མྱོང་རོལ་གནང་གི་ཡོད་སྟབས།  རིག་པ་གསལ་ལ་སྒྲ་སྙན་ཞབས་གཞས་ལ་དད་མོས་ཤིན་ཏུ་ཆེ་བའི་ཁོང་གི་སྒྱུ་རྩལ་ཐད་ཀྱི་ལྷན་སྐྱེས་ཤེས་རིག་གོང་ནས་གོང་དུ་འཕེལ་བར་ཁྱིམ་ཚང་དང་ཕ་མའི་ཤུགས་རྐྱེན་ཟབ་མོ་བྱུང་ཡོད། ཕ་མའི་ཤུགས་རྐྱེན་འདི་ལྟ་བུ་ནི་ཁོང་གི་སྒྱུ་རྩལ་ཐད་ཀྱི་ལྷན་སྐྱེས་ཀྱི་ཡོན་ཏན་ལ་མེ་གྲོགས་རླུང་གིས་བྱས་པ་ལྟར་སྣང་།

             དེའང་ལོ་རབས་དྲུག་ཅུའི་དུས་དཀྱིལ་ཙམ་དུ།  རྒྱུ་རྐྱེན་སྣ་ཚོགས་ཀྱིས་གངས་ལྗོངས་ཀྱི་མེས་པོའི་རིག་རྩལ་ཤེས་རབ་ཀྱི་ཉིང་བཅུད་དུ་གྱུར་པའི་ནང་མ་སྟོད་གཞས་ཉམས་རྒུད་སོང་ཞིང་། རླུང་ཁྲོད་ཀྱི་མར་མེ་ལྟར་ལུས།  ཡིན་ནའང་སྒྲ་སྙན་བཟོ་རྩལ་བ།  རྒན་ཉི་མ་མཚམས་གཅོད་ལགས་ཀྱི་ཕ་དམ་པ་ཕུར་བུ་ཚེ་རིང་ལགས་ནི། སྲོལ་རྒྱུན་གྱི་ནང་མ་སྟོད་གཞས་ལ་ཧ་ཅང་མཉེས་པོ་ཡོད་པར་བརྟེན།  ད་ཆ་དགུང་ལོ་བརྒྱད་ཅུ་བརྒལ་ཅིང་། རྒྱལ་ཁབ་རིམ་པའི་གར་གྱི་རྒྱུན་འཛིན་བ་བགྲེས་སོང་བཀྲ་ཤིས་ཚེ་རིང་ལགས་སོགས་ནང་མ་སྟོད་གཞས་ལ་དགའ་ཞེན་དང་ཞབས་གཞས་འཁྲབ་སྟོན་ལ་བྱང་བ་ཁ་ཤས་མཉམ་དུ་འཛོམས་ནས་ནང་མ་སྟོད་གཞས་འཁྲབ་སྦྱོང་གནང་གི་ཡོད་སྟབས།  སྐབས་དེ་དུས་ཕྱི་རོལ་འཇིག་རྟེན་དུ་ནང་མ་སྟོད་གཞས་ཀྱི་སྒྲ་དབྱངས་དང་རྡོག་སྒྲ་ཐོས་རྒྱུ་མེད་རུང་། རྒན་ཉི་མ་མཚམས་གཅོད་ལགས་ཀྱི་ཁྱིམ་ཚང་ནས་ནང་མ་སྟོད་གཞས་ཡང་ཡང་ཐོས་རྒྱུ་ཡོད་པས། དེ་དུས་ལོ་ན་དྲུག་བདུན་ཙམ་ལ་སོན་པའི་རྒན་ཉི་མ་མཚམས་གཅོད་ལགས་ཀྱི་ཁྱིམ་ཚང་དེ།   ནང་མ་སྟོད་གཞས་ཀྱི་མེ་སོན་གནས་པའི་ཐུན་མོང་མིན་པའི་ཁྱིམ་ཚང་ཞིག་ཏུ་གྱུར།
             ཁྱིམ་ཚང་གི་ཁོར་ཡུག་ལེགས་པོ་དེ་འདྲ་ཞིག་གི་ཁྲོད།  སྐབས་དེ་དུས་ཉི་མ་མཚམས་གཅོད་ལགས་བྱིས་བློ་མ་སངས་པའི་བྱིས་པའི་གྲལ་ཡིན་ཡང་།  ཁོང་ནི་སྒྲ་སྙན་ཞབས་གཞས་དང་ལས་དབང་གཅིག་ཏུ་སྦྲེལ་བས།  ཁོང་གི་པཱ་ལགས་དང་ལྷན་དུ་འཛོམས་པའི་ཞབས་བྲོ་བ་ཁག་གཅིག་གིས་སྒྲ་སྙན་དཀྲོལ་གཏོང་དང་སྦྲགས། ནང་མ་སྟོད་གཞས་ལ་རོལ་འགོ་ཚུགས་ཙ་ན།  བྱིས་པ་ཡིན་པའི་ཁོང་ཡང་དུས་མཉམ་དུ་སྒྲ་སྙན་ཞབས་གཞས་ཀྱིས་ཡིད་ཀྱི་སྤུ་ལོང་རབ་ཏུ་གཡོས་ཏེ། རྒན་རབས་ཚོའི་རྒྱབ་ངོས་སུ་ལད་མོས་སྒྲ་སྙན་ཞབས་བྲོ་སྦྱོང་གི་ཡོད་ལ།  སྤྱིར་ཞབས་བྲོ་མི་ཉུང་བ་ཞིག་རྒན་རབས་དང་གཅིག་མཚུངས་འཁྲབ་ཐུབ་ཀྱི་ཡོད་པས།  ད་ལྟའི་སྒྱུ་རྩལ་མཁས་དབང་རྒན་བཀྲ་ཤིས་ཚེ་རིང་ལགས་ཀྱིས་སྐབས་དེ་དུས་ནས་ཁོང་ལ་བུ་མོ་འདི་ཆེན་པོ་ཆགས་རྗེས་སྒྲ་སྙན་ཞབས་བྲོ་བ་རྩེ་གྲ་ཞིག་ཆགས་པ་འདུག་ཅེས་གདེང་འཇོག་གནང་མྱོང་ལ། ད་ལྟའང་ཁོང་གིས་སྔར་བཞིན་རྒན་ཉི་མ་མཚམས་གཅོད་ལགས་ཀྱི་ཞབས་བྲོའི་སྐོར་གླེང་སྐབས།  སྣོན་འཕྲི་གང་ཡང་མེད་པར་གདེང་འཇོག་གི་བཀའ་མོལ་དེ་རང་གསུང་བཞིན་མཆིས།
             གཞན་ཡང་རྒན་ཉི་མ་མཚམས་གཅོད་ལགས་ད་ཆ་དབུས་གཙང་རུ་བཞིར་སྐད་གྲགས་ཆོད་པའི་དམངས་ཁྲོད་ཞབས་བྲོ་མཁས་ཅན་ཞིག་ཏུ་གྱུར་པའི་སྔ་ལྟས་བཟང་པོ་གཞན་ཞིག་ནི། ཁོང་བྱིས་པའི་དུས་ནས་འཆར་ཡོད་པ་ནི།  དོན་འདི་འདྲ་ཞིག་ལས་ཀྱང་ར་འཕྲོད་པ་སྟེ། དེའང་ཁོང་ཁྱིམ་ཚང་དུ་པཱ་ལགས་དང་དགའ་ཉེ་ཚོས་ཞབས་བྲོ་བསྐྱོན་བཞིན་དུ།  སྐབས་འགར་མི་མང་སྐབས་ཕ་མས་བྱིས་པ་ཡིན་པའི་ཉི་མ་མཚམས་གཅོད་ལགས་ཕྱི་རོལ་ཏུ་ཕྲུ་གུ་གཞན་དང་མཉམ་དུ་རྩེད་མོར་བཀོད་སྒྲིག་གནང་གི་ཡོད་ཀྱང་། ཞབས་བྲོའི་འདུ་ར་ཆུང་ངུ་དེ་ནས་ཁ་འབྲལ་མི་འདོད་པར། ཞབས་བྲོ་བ་རྒན་གྲས་ཚོར་གསོལ་ཇ་དང་མཆོད་ཆང་ཞུ་བ་སོགས་བསྙེན་བཀུར་བགྱི་ཁུལ་གྱིས་རང་ཉིད་ཀྱི་ཞབས་བྲོ་སྦྱོང་བའི་དམིགས་ཡུལ་འགྲུབ་ཐབས་གནང་མྱོང་ལ། ཡང་ཁོང་ལ་གཅེན་གཅུང་ཁ་ཤས་ཡོད་པ་ཚོ་ལའང་ཁོང་གིས་རང་ཉིད་ཀྱིས་ཤེས་པ་དེ་དག་སློབ་གནང་གི་ཡོད་ཅིང་།  ཁོང་གི་ངོ་སྤྲོད་ལས།   ཁོ་བོའི་སེམས་ལ་སྐབས་དེ་དུས་ནས་ཁོང་གིས་ཞབས་བྲོ་སློབ་པ་དེ་ནི། ད་ཆ་ལྷ་ས་གྲོང་ཁྱེར་དུ་མི་བརྒྱ་ཕྲག་མང་པོར་གངས་ལྗོངས་ས་མཐོའི་སྲོལ་རྒྱུན་གྱི་ནང་མ་སྟོད་གཞས་སློབ་མཁན་ཕུལ་དུ་བྱུང་བ་ཞིག་དང་།  བོད་ཀྱི་ནང་མ་སྟོད་གཞས་འདི་ཉིད་མངོན་མིན་རིག་གནས་ཤུལ་བཞག་ནང་རྒྱུན་འཛིན་དང་། དར་རྒྱས་གཏོང་བའི་རྒྱུན་འཛིན་པ་ངོ་གནོང་མི་དགོས་པ་ཞིག་ཏུ་འགྱུར་བའི་རྨང་གཞི་འདིང་འགོ་ཚུགས་པ་རེད་སྙམ་བྱུང་།
             དད་མོས་ཀྱི་བློ་རྩ་བརྟན་པོ་དང་།  སྤྱང་གྲུང་དོད་པའི་ཚོར་བ་སྐྱེན་པོས།   ཁོང་ལོ་ན་བཅུ་གྲངས་ལ་སོན་ཙམ་སྐབས་ནས་ནང་མ་སྐྱིད་པའི་ཉི་མ་དང་།  བཀྲ་ལ་ཤིས་པ།  སྟོད་གཞས་ཟླ་བའི་གཞོན་ནུ་དང་།  བྱ་ཚང་རྒོད་ཚང་།  ཇོ་ལགས་བཀྲ་ཤིས་སོགས་ཞབས་བྲོའི་རྣམ་གྲངས་མང་པོའི་ཁྲོད་ཀྱི་དར་སོ་ཆེ་བ་དང་། རྒྱུན་གཏན་འཁྲབ་གཏོང་མང་བའི་ཞབས་གཞས་ཁག་གཅིག་གི་དབྱངས་ཀྱི་འགྱུར་ཁུག་དང་།  གསོན་ཉམས་དོད་པའི་གཞས་ཚིག  བདེ་ལྕག་འཁྱུག་པའི་སྟངས་སྟབས་དང་མ་ལག་བདེ་བའི་ཕྱག་རྒྱ་སོགས་ཆ་ཚང་ཁོང་དུ་ཆུད་ཡོད་ཅིང་། དེ་ནི་ཁོང་གིས་ཆུང་དུས་ཁྱིམ་ཚང་གི་རིག་རྩལ་བྱེད་སྒོར་རྒན་རབས་ཚོར་ལད་མོ་བྱས་ཏེ་བྱུང་བའི་སྒྱུ་རྩལ་ཤེས་བྱ་དང་།  བརྗེད་དཀའ་བའི་ཆུང་དུས་ཀྱི་ཀླད་པར་འཇགས་པའི་ཞབས་བྲོའི་རྨང་རྡོ་ཆེས་བརྟན་པ་དེ་རེད།

             ཀྱག་ཀྱོག་མི་ཚེའི་ཤུལ་ལམ་གྱི། །ཁ་ཕྱོགས་སྒྱུར་མཚམས་གསར་པ་བསུས། 
             རྒན་ཉི་མ་མཚམས་གཅོད་ལགས་ཀྱིས་ཕ་མ་བཟང་པོའི་འཚོ་སྐྱོང་འོག་སློབ་ཆུང་དང་སློབ་འབྲིང་སོགས་ན་གཞོན་དུས་རིམ་གྱི་སློབ་གསོ་བརྒྱུད་རྗེས།   སྤྱི་ལོ་1980ལོར།  སི་ཁྲོན་དར་རྩེ་མདོ་དགེ་འོས་སློབ་གྲྭ་ནས་ཐོན་ཏེ་སྤྱི་ལོ་2007ལོ་བར་བགྲང་བྱ་ཉེར་བདུན་ཏག་ཏག་རིང་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཧའེ་ཁྲེང་སློབ་ཆུང་གི་དགེ་རྒན་གནང་སྟེ།  ཆེད་ལས་རྒྱའི་སྐད་ཡིག་དགེ་རྒན་དང་།  ཞོར་ཁྲིད་རོལ་དབྱངས་དགེ་རྒན་གནང་སྟེ་སློབ་མར་ནང་མ་སྟོད་གཞས་ཀྱང་བསླབ་གནང་བའི་ཞབས་རྗེས་འཇོག་གནང་མཛད་ཡོད།
             དཔེ་ཁྲིད་མི་སྐྱོང་གི་བྱ་གཞག་ནི་ཁོང་གི་བརྩི་ཞེན་གནང་སའི་ལས་གནས་འབའ་ཞིག་ཡིན་ཁར། སྤྱི་ཚོགས་ཧྲིལ་པོས་སློབ་གསོར་དོ་ཁུར་དང་།  གོང་འོག་ཚང་མས་ཤེས་ལྡན་པར་བརྩི་བཀུར་བྱེད་པའི་དུས་བབ་ཇེ་བཟང་དུ་སོང་རིང་། ཁོང་གིས་སྤོབས་ཉམས་ལྡན་པའི་ངང་སློབ་ཁྲིད་འཆད་སྟེགས་ཐོག་ནས་མེས་རྒྱལ་གྱི་འབྱུང་འགྱུར་མི་རབས་གསར་པ་གསོ་སྐྱོང་བྱེད་པར་སེམས་ནུས་ཇི་ཡོད་འདོན་གནང་མཛད་དེ། སློབ་གྲྭའི་དགེ་སློབ་དང་ཁྱིམ་བདག་གི་ཁྲོད།  དགེ་བའི་བཤེས་གཉེན་གྱི་སྣང་བརྙན་ལེགས་པར་བཏོད།
             དེའང་མི་རབས་གསར་པར་སློབ་ཁྲིད་བྱ་རྒྱུ་ནི།  ཁོང་གིས་མི་ཚེ་འདིར་བྱ་གཞག་མང་པོའི་ཁྲོད་ནས་གདམ་ག་གནང་བ་ཞིག་ཡིན་མོད། འོན་ཀྱང་ཁྱིམ་ཚང་གི་དཀའ་ངལ་སོགས་རྒྱུ་རྐྱེན་མང་པོས།  སྤྱི་ལོ་2007ལོར། ཁོང་སྔ་སྣུར་དུ་རྒན་ཡོལ་ཞུ་དགོས་བྱུང་ཡོད།  ལོ་མང་དཔུང་པ་མཉམ་གཤིབ་ཏུ་སློབ་གསོའི་བྱ་གཞག་ཐོག་འབད་འབུངས་གནང་མཁན་དགེ་རོགས་རྣམ་པ་དང་། གཅེས་པར་འོས་ཤིང་སྙིང་ཉེ་བའི་སློབ་མ་ཆུང་ཆུང་ཚོ་དང་བྲལ་བ་དེས་སྐབས་ཤིག་ཁོང་གི་སེམས་རྣལ་དུ་མི་བབས་པའི་ཚོར་འདུ་དྲག་པོ་བྱུང་ཡོད་ཅིང་། འཇིག་རྟེན་འཚོ་བ་ནི་སྣང་བ་གང་དྲན་ཞིག་མིན་ལ།  རྙོག་འཛིང་ཆེ་བའི་འཚོ་བ་ནི་མི་ལ་མནར་གཅོད་གཏོང་མཁན་ཞིག་ཡིན་པའི་ཚོར་སྣང་ཡང་བྱུང་ཞིང་།  ལོ་འགའི་རིང་།  ཐེམ་པས་ལ་མོ་དང་སྒོ་རས་ཐང་ཞེས་པའི་དཔེ་ལྟར་ཁྱིམ་ཚང་ཞིག་གི་སྒོ་ར་ཙམ་ལས་སྒྲོལ་ཁོམ་བྲལ་བའི་ཁྱིམ་འཛིན་མ་ཞིག་དང་།  རང་གི་ཚ་བོ་གསོ་སྐྱོང་བྱེད་མཁན་བུ་རྫི་ལྟ་བུར་གྱུར།

             འོན་ཀྱང་ཁོང་གིས་གནས་སྐབས་ཁྱིམ་ཚང་དུ་བུ་ཚ་སྐྱོང་བ་དེ་ཡང་ཁྱིམ་འཛིན་མ་ཞིག་གི་བསྐྱུར་དུ་མི་རུང་བའི་འགན་འཁྲི་ཞིག་དང་། དེ་ནི་རང་ཉིད་ཀྱི་ཤེས་བྱ་ཇི་ཡོད་གཞན་ལ་སློབ་སྙམ་པའི་བསམ་གཞི་ལམ་དུ་མ་ལྷོངས་བའི་བར་བརྒལ་ཞིག་ཏུ་ངོས་འཛིན་གནང་སྟེ། འཁང་ར་སྤུ་ཙམ་མེད་བཞིན་དུ་ཁྱིམ་དོན་འཕྱུགས་མེད་དུ་བསྒྲུབས་པའི་ཐོག་བར་གསེང་བྱུང་རིམ་དུ་རང་གི་དགའ་མོས་སུ་གྱུར་པའི་དཔེ་དེབ་སྣ་ཚོགས་གཟིགས་མཚམས་བཞག་མེད་ལ།  དེ་བས་ཀྱང་བསུབས་ནས་ཟུབ་ཐབས་མེད་པ་ལྟར་གྱི་ཆུང་དུས་ནས་བློར་ངག་སེམས་གསལ་དང་བྱང་ཆུབ་པའི་ནང་མ་སྟོད་གཞས་འཁྲབ་རྩལ་རང་འགུལ་ངང་ནང་སྦྱོང་གིས་ཆུང་དུས་བློ་ལ་ཆུད་ཟིན་པ་དེ་དག་བརྗེད་ངས་རྐུན་པོའི་ལག་ཏུ་མ་ཤོར་བ་གནང་ཡོད།
             རྒན་ཉི་མ་མཚམས་གཅོད་ལགས་རྒན་ཡོལ་ཞུས་གནང་བ་དེ་ནི།   ལས་དབང་གིས་ཁོང་གི་མི་ཚེ་འདིར་དགའ་མོས་ཤིན་ཏུ་ཆེ་བའི་བྱ་གཞག་ཁས་ལེན་བྱས་ཤིང་།  ཚེ་སྟོད་སྦྱངས་པའི་ནང་མ་སྟོད་གཞས་དེ་དག་ཚེ་སྨད་དུ་བསྐྱར་སྦྱོང་དང་།   དེ་དག་གཞན་ལ་སློབ་མཁན་ཞིག་ཏུ་བཀོད་སྒྲིག་བྱས་པ་དང་ཧ་ཅང་འདྲ་པོ་མི་འདུག་གམ།      
             སྤྱི་ལོ་2012ལོར་སླེབས་སྐབས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པས།  རིག་གནས་དར་རྒྱས་ཆེན་པོ་དང་། འཕེལ་རྒྱས་ཤུགས་ཆེན་པོ་གཏོང་བའི་མཛད་ཕྱོགས་སྲིད་ཇུས་བཏོན་པ་དང་ཕྱོགས་མཚུངས་བོད་ཀྱི་རིག་གནས་སྤྱི་དང་འདྲ་བར་ནང་མ་སྟོད་གཞས་ལ་སོགས་པ་སྒྱུ་རྩལ་ཁྱབ་ཁོངས་ཀྱི་བོད་ཀྱི་མངོན་མིན་རིག་གནས་ཤུལ་བཞག་མྱུར་སྐྱོབ་དང་། རྒྱུན་འཛིན། དར་རྒྱས་བཅས་ལ་ཕྱོགས་ཡོངས་ནས་དམ་འཛིན་བྱེད་པའི་མཐོ་རླབས་འཕྱུར་བ་དེ་ནི། བོད་མི་དམངས་ཀྱི་ལྟོ་གོས་འཛོམས་སུ་སོང་བ་དང་། ཤེས་དཔལ་རབ་ཏུ་དར་བའི་དུས་དང་འཁེལ།
             གནའ་གྲོང་ལྷ་སས་གཙོས་བོད་ཀྱི་གྲོང་ཁྱེར་དང་ས་ཁུལ་ཁག་ཏུ་ནང་མ་སྟོད་གཞས་འཁྲབ་གཏོང་གི་བསྟན་པ་དར་ཞིང་རྒྱས་ལ། འཚོ་གོས་སྡོད་གསུམ་དང་བཅས་པར་སེམས་ཁྲལ་ཏིལ་འབྲུ་ཙམ་ཡང་མེད་པར་ཚེ་མཇུག་བག་ཕེབས་ངང་གནས་པའི་རྒྱལ་ཁབ་ཀྱི་ལས་བྱེད་ལས་བཟོ་དང་།  ལོངས་སྤྱོད་ཕུན་སུམ་ཚོགས་པའི་གྲོང་ཁྱེར་གྱི་གྲོང་མི་སོགས་ཀྱིས་མ་བསྐུལ་རང་མོས་ཀྱིས། རང་མི་རིགས་ཀྱི་སྲོལ་རྒྱུན་སྒྱུ་རྩལ་གྱི་ཡ་གྱལ་ནང་མ་སྟོད་གཞས་འཁྲབ་སྦྱོང་ལ་ཞུགས་པའི་རྣམ་པ་གསར་པ་མངོན། གནའ་ཉམས་དོད་ལ་སྒྱུ་རྩལ་གྱི་རོ་བཅུད་ཟད་མཐའ་མེད་པའི་ནང་མ་སྟོད་གཞས་འདི་བཞིན་ཚད་ལྡན་ངང་དར་རྒྱས་ཡོང་ཕྱིར། ལྗོངས་རིག་གནས་ཐིང་སོགས་འབྲེལ་ཡོད་ཚན་པས་ཀྱང་རྒྱུན་འཛིན་པ་གསོ་སྦྱོང་ལ་ཚད་མཐོའི་མཐོང་ཆེན་བགྱིས་ཏེ། སྤྱི་ལོ། 2013ལོར་ལྗོངས་རིམ་པའི་ལྷ་སའི་ནང་མ་སྟོད་གཞས་རྒྱུན་འཛིན་ཚོགས་པ་བཙུགས་ཏེ་དངོས་སུ་སྒོ་བྱང་བཀལ་བ་རེད།
             རྒྱུན་འཛིན་ཚོགས་པ་དེ་བཙུགས་རྗེས།  ཚོགས་པ་དེའི་འགན་འཁུར་བ།  རྒྱལ་ཁབ་རིམ་པའི་གར་གྱི་རྒྱུན་འཛིན་བ།  ལྗོངས་རིམ་པའི་ནང་མ་སྟོད་གཞས་དང་སྒྲ་སྙན་རོལ་ཆ་རྒྱུན་འཛིན་པ། བོད་ལྗོངས་སློབ་ཆེན་སྒྱུ་རྩལ་སློབ་གླིང་གི་དགེ་རྒན་ཆེ་མོ་བ་རྒན་བཀྲ་ཤིས་ཚེ་རིང་ལགས་ཀྱི་ཐུགས་ལ་ཞབས་གཞས་སློབ་ཁྲིད་པ་ཚད་ལྡན་ཞིག་དགེ་རྒན་ལ་གདན་འདྲེན་ཞུ་བའི་བསམ་གཞི་འཁྲུངས། ཁོང་གིས་དགོངས་པ་ནན་པོ་བཞེས་རྗེས། ཆེད་ལས་དེའི་བྱང་ཚད་ངེས་ཅན་ལྡན་ལ།  ཆེད་ལས་དེར་དད་མོས་ཤིན་ཏུ་ཆེ་བའི་རྒན་ཉི་མ་མཚམས་གཅོད་ལགས་ཐུགས་ལ་འཆར་ཏེ། ནང་མ་སྟོད་གཞས་ཚོགས་པ་དེར་སློབ་ཁྲིད་དགེ་རྒན་གནང་བར་ཕེབས་རྒྱུར་སྐུལ་མ་གནང་བ་མ་ཟད།  འབྲེལ་ཡོད་ཚན་པར་ཁོང་དགེ་རྒན་དུ་གདན་འདྲེན་ཞུ་བར་འོས་སྦྱོར་གནང་བ་རེད།
             ལྷ་སའི་ནང་མ་སྟོད་གཞས་ཚོགས་པའི་དགེ་རྒན་དུ་ཕེབས་རྒྱུ་དེ་ནི།   རྒན་ཉི་མ་མཚམས་གཅོད་ལགས་ཀྱི་ངོས་ནས་བཤད་ན།  ཐོབ་ཆ་ངེས་ཅན་ཡོད་པའི་ལས་གནས་ཤིག་མིན་པར། དེ་ནི་ཐོབ་ཆ་གང་ཡང་མེད་པའི་འོས་འགན་ངལ་རྩོལ་ལྟ་བུ་ཡིན་མོད། འོན་ཀྱང་ཁོང་གི་སྙན་ལམ་དུ་ནང་མ་སྟོད་གཞས་བསྐྱོན་པར་ཕེབས་རྒྱུ་དང་དེའི་དགེ་རྒན་གནང་རྒྱུའི་སྐོར་གསན་རྗེས། རྨ་བྱས་འབྲུག་སྒྲ་ཐོས་པ་བཞིན་ཐུགས་ལ་སྤྲོ་བ་རབ་ཏུ་འཕེལ། ཁྱིམ་འཛིན་ཨ་མ་ཞིག་གིས་སླར་ཡང་ཚར་རྒྱུ་མེད་པའི་ཁྱིམ་ལས་ཅམ་ཞོག་གིས་ཚོགས་པའི་ནང་ཞབས་གཞས་སློབ་པར་ཕེབས་རྒྱུའི་ཐད་བཟའ་ཟླ་བུ་ཕྲུག་ཚོས་ཀྱང་འཁང་ར་དང་ཡ་མཚན་སོགས་ཕྱིར་བཤོལ་གྱི་བསམ་འཆར་གང་ཡང་མེད་པར་མཐའ་གཅིག་ཏུ་རྒྱབ་སྐྱོར་གནང་བས་ཁོང་ལ་སེམས་འགུལ་དང་སྐུལ་ལྕག་ཆེན་པོ་བྱུང་།
             སྤྱི་ལོ་2014ལོར་ཁོང་ལྷ་སའི་ནང་མ་སྟོད་གཞས་ཚོགས་པའི་དགེ་རྒན་དུ་གྱུར་རྗེས།   ཉིན་ལྟར་སྟོད་གཞས་ཚོགས་པའི་སློབ་མར་ཞབས་གཞས་སློབ་པ་དང་དུས་མཚུངས། སྔར་ལས་ལྷག་པའི་སྒོ་ནས་རང་ངོས་ཀྱི་ཆེད་ལས་བྱང་ཚད་མཐོ་རུ་གཏོང་བར་རང་གིས་རང་ལ་བླང་བྱ་ནན་པོ་བཏོན་གནང་ཞིང་། ཆེད་མངགས་བོད་དུ་ནང་མ་སྟོད་གཞས་ཀྱི་ཐད་དབང་གྲགས་ཆེ་ཤོས་ཡིན་པའི་རྒན་བཀྲ་ཤིས་ཚེ་རིང་ལགས་ཀྱི་གམ་དུ་ཡང་ཡང་བཅར་ཏེ།  རྣམ་གྲངས་མང་བའི་ནང་མ་སྟོད་གཞས་ཤེས་ཚད་ཟབ་ཏུ་གཏོང་བའི་ཟབ་སྦྱོང་གཏིང་ཟབ་གནང་ཡོད་ཅིང་། དེ་ནི་དགེ་རྒན་ཞིག་གིས་རང་ངོས་ཀྱི་བྱང་ཚད་རྒྱུན་ཆད་མེད་པར་གོང་མཐོར་གཏོང་བའི་འགུལ་ཚུལ་ཁྱད་དུ་འཕགས་པ་ཞིག་རེད།  
   
             སློབ་ཁྲིད་འཆད་སྟེགས་གཅིག་ནས་བཤོལ་ཏེ།   སླར་ཡང་སློབ་ཁྲིད་འཆད་སྟེགས་གསར་པ་ཞིག་གི་ཐོག་ཏུ་ཕེབས་པ་ནི། རྒན་ཉི་མ་མཚམས་གཅོད་ལགས་ཀྱི་མི་ཚེའི་རྣམ་ཐར་ཇེ་རྒྱས་སུ་སོང་བ་ཞིག་དང་། ལས་དབང་གིས་ཁོང་གི་ཁྱད་ཡོན་ལ་དཔགས་པའི་ལས་གནས་བཀོད་སྒྲིག་ཆེས་འཚམ་པོ་བྱས་པར་འགྱུར་བ་ཞིག་མ་ཡིན་ནམ།  
             དེའང་ཁོང་སྟོད་གཞས་ཚོགས་པ་དེར་ཐོག་མར་ཞུགས་པའི་སྐབས་དེར།  དང་ཐོག་ཁོང་གི་ཐུགས་ལ་ཚེ་སྟོད་དུ་སློབ་མ་གསོ་སྐྱོང་ཡིད་ཚིམས་པ་ཞིག་བྱེད་མ་ཐུབ་ཀྱང་། ཚེ་སྨད་འདིར་ནང་མ་སྟོད་གཞས་ཀྱི་སྒྱུ་རྩལ་པ་འབོར་ཆེན་ཞིག་གསོ་སྐྱོང་བྱེད་པ་འདི་ནི་དུས་ལ་བབས་པ་ཞིག་དང་།  གཏན་ནས་བསྐྱུར་མི་རུང་བའི་འགན་འཁྲི་གཟི་བརྗིད་ལྡན་པ་ཞིག་རེད་སྙམ་པའི་དགོངས་ཚུལ་བྱུང་ཡོད།
             གསར་འགོད་པས།   རྒན་ལགས་ཁྱེད་ཀྱིས་གཟའ་འཁོར་གཅིག་ལ་ཉིན་གཅིག་ཀྱང་སྐུ་ངལ་མ་གསོས་པར། འཁྲབ་ར་ཁག་ཏུ་ཞབས་བྲོ་སློབ་པར་ཕེབས་དགོས་དུས།  ཁྱིམ་དོན་ལ་འཐུས་ཤོར་འགྲོ་ཡི་མེད་དམ་ཞེས་བཀའ་འདྲི་ཞུས་པ་ཡིན།   ཁོང་གིས། ང་རང་ཞབས་བྲོ་རྒྱག་རྒྱུར་དགའ་བའི་ཐོག ཞབས་བྲོའི་དགེ་རྒན་གྱི་འགན་ཁུར་རྗེས་ཉིན་ལྟར་འཁྲབ་ར་མི་འདྲ་བ་ཁག་ཏུ་སྐྱོད་དགོས་པས།  ཁྱིམ་དོན་འགའ་ཞིག་ནང་མིས་ནན་ཏན་གྱིས་མངགས་ཀྱང་གཏིང་བརྗེད་དུ་འགྲོ་ཡི་འདུག འོན་ཀྱང་སྤྱི་དོན་དུས་ཐོག་ཏུ་སྒྲུབ་རྒྱུར་འཐུས་ཤོར་མ་བྱུང་ན་དེ་གས་འཐུས་སྙམ་པའི་བསམ་བློ་གཏོང་གི་ཡོད་ཅེས་གསུང་གི་འདུག
             རྒན་ཉི་མ་མཚམས་གཅོད་ལགས་ཀྱིས།  ཐོབ་ཆ་གང་ཡང་མེད་ཀྱང་ཉིན་མ་གནམ་ལ་གང་ཤར་ལ་བྲེལ་འཚབ་ཀྱིས་འཁྲབ་ར་ཁག་ཏུ་ཕེབས་དོན་ཅི་ཡིན་ནམ།  ཁོང་གིས་ཁྱིམ་ཚང་ཆུང་ངུའི་ཁེ་ཕན་བློས་གཏོང་གང་ཐུབ་གནང་བའི་དོན་དངོས་ནས།  ནང་མ་སྟོད་གཞས་རྒྱུན་འཛིན་བ་གསོ་སྐྱོང་བྱེད་པ་ནི་གལ་ཆེའི་ནང་གི་འགངས་ཆེར་བརྩི་གནང་མཛད་ཀྱི་ཡོད་པ་མཚོན་བཞིན་ཡོད་ལ། ཁྱིམ་འཛིན་ཨ་མས་ཁྱིམ་དོན་མང་པོ་ཞིག་སྣང་མེད་སོང་སྟེ་བསྙེལ་བ་དེ་ནས།  བོད་མི་རིགས་ཀྱི་འོད་སྟོང་འཕྲོ་བའི་སྒྱུ་རྩལ་ལ་དགའ་ཞེན་དང་།  ཞབས་བྲོར་དགའ་བའི་སྐྱེས་ཕོ་མོ་རྒན་གཞོན་མང་པོའི་འདོད་འདུན་སྐོང་གནང་བའང་གསལ་པོར་མཚོན་ཡོད།       
   
             རྒྱུན་འཛིན་དར་འཕེལ་ཞིང་ས་ཆེར། །གཡུར་དུ་ཟ་བའི་འབྲས་བུ་སྨིན།།
             གང་དུ་གླུ་གར་ཡོད་ཙ་ན།   སྡུག་བསྔལ་བྱ་བའི་མིང་ཙམ་མེད།  སྤྱི་ལོ་2017ལོར།  བོད་རང་སྐྱོང་ལྗོངས་མང་ཚོགས་སྒྱུ་རྩལ་ཁང་གིས་སློབ་ཡོན་མི་དགོས་པར་ལྷ་སའི་མང་ཚོགས་ལ་ནང་མ་སྟོད་གཞས་གསོ་སྦྱོང་བྱེད་འགོ་ཚུགས་རྗེས། ཆེད་ལས་མཁས་དབང་གི་འོས་སྦྱོར་ལྟར། སླར་ཡང་རྒན་ཉི་མ་མཚམས་གཅོད་ལགས་ཀྱིས།  མང་ཚོགས་སྒྱུ་རྩལ་ཁང་དུ་ནང་མ་སྟོད་གཞས་སློབ་འགོ་བཙུགས་གནང་ཞིང་།  ཞབས་བྲོ་སྦྱོང་བར་ཕེབས་མཁན་གྱི་གྲས་སུ་ལྷ་སའི་གྲོང་མི་དང་། རྒན་ཡོལ་ཞུས་པའི་ལས་བྱེད་ལས་བཟོ།   སློབ་གྲྭའི་དགེ་རྒན་སོགས་སྤྱི་ཚོགས་ལས་རིགས་ཁག་གི་མི་སྣ་ཡོད་ཅིང་། ཁོ་ཚོའི་ཁྲོད་དུ་དར་མ་གཙོས་དགུང་ལོ་བདུན་ཅུ་བརྒལ་བའི་བགྲེས་སོང་དང་།  ལོ་ན་ཉི་ཤུ་ཙམ་གྱི་ན་གཞོན་སོགས་སྐྱེས་ཕོ་མོ་འཚང་ཁ་ཤིག་ཤིག་ཡོད་པས། ཞབས་བྲོ་སྦྱོང་མཁན་གྱི་ལོ་ན་དོ་སྙོམས་མིན་པའི་ཁར།  སློབ་མ་ཉུང་ཤས་ལ་རྐང་སྟབས་ལག་ཁྱེར་གྱི་རྨང་གཞི་ཕྲན་ཙམ་ཡོད་པ་ཕུད། དེ་བྱིངས་མང་ཆེ་བས་ཞབས་བྲོ་དང་། གདངས་དབྱངས།  གཞས་ཚིག་བཅས་སྤྱིར་ན་ཁ་ཕྱོགས་ཙམ་ཡང་ཤེས་ཀྱི་མེད་པས།   སློབ་ཁྲིད་དགེ་རྒན་ཁོང་གི་ངོས་ནས་བཤད་ན་དཀའ་ཚེགས་ངེས་ཅན་ཡོད་པ་ནི་སྨོས་མི་དགོས་པ་ཞིག་རེད།
             དེ་ལྟར་ཡང་ཁོང་ནི་སྔོན་ཆད་ལོ་མང་རིང་སློབ་ཆུང་སློབ་མ་སྐྱོང་མྱོང་བ་ཞིག་དང་།  སློབ་ཁྲིད་ཀྱི་མྱོང་བ་ཕུན་སུམ་ཚོགས་པོ་ཡོད་པ་ཞིག་ཡིན་ལ། ཁྱད་པར་དུ་བོད་ཀྱི་སྲོལ་རྒྱུན་ནང་མ་སྟོད་གཞས་གང་མྱུར་ཁྱབ་གདལ་གཏོང་རྒྱུ་བྱུང་ན་ཅི་མ་རུང་སྙམ་པའི་ཁ་ཞེ་གཉིས་མེད་ཀྱི་ཐུགས་འདུན་དྲག་པོ་ཡོད་པ་ཞིག་ཡིན་སྟབས།  ཁག་སྣང་དང་།   སུན་སྣང་།  གཡོ་ཟོལ།   ཁྲལ་སེལ་སོགས་ཅི་ཡང་མེད་པར་ངང་རྒྱུད་རིང་པོས་རྐང་པ་གཡས་གཡོན་ཇི་ལྟར་འདེགས་འཇོག་བྱེད་ཚུལ་དང་། ལག་གཡས་གཡོན་ཕྱག་རྒྱ་ཇི་ལྟར་བྱེད་ཚུལ། ལུས་ཡོངས་ཇི་ལྟར་འགྱུར་ཚུལ། དེ་བཞིན་ཞབས་གཞས་དང་བསྟུན་ནས་གྲེ་བ་ཇི་ལྟར་འགྱུར་ཚུལ་དང་། འཛུམ་མདངས་སྟོན་ཚུལ་སོགས་ཕྱོགས་ཡོངས་ནས་ནན་ཅིང་ཞིབ་ཚགས་པའི་སློབ་ཁྲིད་གནང་བར་བརྟེན།   སྦྱོང་བརྡར་ལ་ཞུགས་པའི་སློབ་མ་རྒན་གཞོན་ཚང་མས་ཡུན་རིང་མ་འགོར་བར་ཞབས་བྲོ་ཁག་བཅུ་གྲངས་ཤེས་པ་མ་ཟད། སློབ་མ་མི་ཉུང་བ་ཞིག་གིས་ནང་མ་སྟོད་གཞས་ཀྱི་རྣམ་གྲངས་ལས་ཞབས་གཞས་ཕལ་ཆེ་བ་ཤེས་ཏེ་ཕུལ་བྱུང་སློབ་མར་གྱུར་ཅིང་། མང་ཚོགས་རང་བཞིན་གྱི་བྱེད་སྒོ་དང་། དེ་བཞིན་ལྷ་ས་བརྙན་འཕྲིན་ལས་ཁུངས་དང་།  བོད་ལྗོངས་བརྙན་འཕྲིན་ལས་ཁུངས་ཀྱིས་གཉེར་བའི་བོད་ཀྱི་ལོ་གསར་མཚན་ཚོགས་ལ་སློབ་མ་ཚོས་རྒན་ལགས་དང་དཔུང་པ་མཉམ་གཤིབ་ཀྱིས་ཞབས་བྲོའི་དཔལ་ལ་རོལ་ཏེ།   རྒྱ་ཆེའི་གཟིགས་མོ་བར་མིག་ཡིད་རྣ་བའི་དགའ་སྟོན་གཤོམ་ཐུབ་ཡོད་པ་རེད།
             འབྲེལ་ཡོད་ཕྱོགས་ཀྱི་བསྡོམས་རྩིས་ལ་གཞིགས་ན། རྒན་ཉི་མ་མཚམས་གཅོད་ལགས་ཀྱིས་ལོ་ཤས་རིང་ཉིན་གཅིག་ལ་དཔེ་བཞག་པ་ལྟར།  བོད་རང་སྐྱོང་ལྗོངས་མང་ཚོགས་སྒྱུ་རྩལ་ཁང་དང་།  བོད་ལྗོངས་སློབ་གྲྭ་ཆེན་མོ།  ལྷ་ས་གྲོང་ཁྱེར་ལས་བྱེད་རྒན་གྲས་བྱེད་སྒོའི་ལྟེ་གནས།  ལྷ་ས་གྲོང་ཁྱེར་མང་ཚོགས་སྒྱུ་རྩལ་ཁང་།  སྟོད་ལུང་བདེ་ཆེན་ཆུས་མང་ཚོགས་རིག་གནས་ལྟེ་གནས་སོགས་ཚན་པའི་འཁྲབ་ར་ཁག་ཏུ་རེས་སྐོར་གྱིས་ཞབས་གཞས་བསླབས་གནང་སྟེ། ཐོག་མར་གསོ་སྐྱོང་འགོ་འཛུགས་སྐབས་ཀྱི་སློབ་མ་མི་གྲངས་200སྐོར་ཞིག་ནས་ད་ཆའི་མི་གྲངས་5000ལྷག་ཙམ་ཟིན་ཡོད་པ་དང་།  ལོ་གཅིག་རེ་སྦྱོར་བརྡར་བྱས་རྗེས་ད་བར་སློབ་མཇུག་འགྲིལ་བའི་མཛད་སྒོ་ཐེངས་5སྤེལ་ཏེ།  སློབ་མཇུག་འགྲིལ་བའི་ལག་ཁྱེར་ཐོབ་པའི་སློབ་མ་མི་གྲངས་600ལྷག་ཙམ་ཟིན་གྱི་ཡོད་ཅིང་།  ད་དུང་དགའ་བ་སྐྱེ་འོས་པ་ཞིག་ལ་ཁོང་གིས་སློབ་ཁྲིད་མཛད་དེ།  ནང་མ་སྟོད་གཞས་ལ་རང་མགོ་ཐོན་པའི་ཕུལ་བྱུང་སློབ་མ་ཁག་གཅིག་གིས་ལོགས་སུ་ནང་མ་སྟོད་གཞས་ཚོགས་པ་ཆུང་གྲས་བཙུགས་ཏེ། ད་ཆ་ལྷ་སའི་རྫོང་རྒྱབ་ཀླུ་ཁང་གིས་གཙོས་ལྷ་སའི་རིག་གནས་བྱེད་སྒོའི་ལྟེ་གནས་ཁག་ཏུ་སྤྱིར་ན་ཉིན་ལྟར་འཁྲབ་སྟོན་བྱེད་ཀྱི་ཡོད་པས།  གང་དུ་སོང་ཡང་མི་རྣམས་ཀྱི་རྣ་བར་ནང་མ་སྟོད་གཞས་ཀྱི་སྙན་དབྱངས་དང་རྡོག་སྒྲ་ཐོས་རྒྱུ་ཡོད་པར་གྱུར། 

             མི་གྲངས་དེ་ག་ཙམ་གྱིས་ནང་མ་སྟོད་གཞས་འཁྲབ་པ་དང་།  རྒྱུན་འཛིན་དང་།  དར་ཁྱབ་དེ་ལྟ་བུ་བྱུང་བ་ནི་བོད་ཀྱི་ལོ་རྒྱུས་ཀྱི་ཟིན་ཐོ་གསར་རྐྱང་ཞིག་ཡིན་ཞིང་། སློབ་མཇུག་འགྲིལ་བའི་མཛད་སྒོ་ཐེངས་གཉིས་ཀྱི་ཐོག་གསར་འགོད་པས།  ཞབས་བྲོ་བ་བགྲེས་སོང་ངག་དབང་རྒྱལ་མཚན་ལགས་སོགས་ལ་བཅར་འདྲི་ཞུས་ཏེ།  ནང་མ་སྟོད་གཞས་སྦྱོང་རིང་གི་མྱོང་ཚོར་ཇི་ཡོད་གསུང་རོགས་ཞུ་སྐབས། བགྲེས་སོང་ཚོས་དགའ་ངོམས་ཆེན་པོས་ད་ཆ་ལོ་མང་གོང་ནས་ཤེས་ན་སྙམ་པའི་སྒྲ་སྙན་ཞབས་བྲོ་མང་པོ་ཞིག་ཤེས་དུས་དངོས་གནས་སེམས་པ་སྐྱིད་པོ་ཞེ་དྲག་འདུག  སྔོན་ཆད་ལྷ་སའི་གྲོང་མིའི་ཁྲོད་དུ་ནང་མ་སྟོད་གཞས་ཚད་ལྡན་ཤེས་མཁན་ཉུང་ཉུང་སོང་སྟབས།  དུས་སྟོན་སོགས་ལ་སྒྲ་བསྡུ་འཕྲུལ་ཆས་བཏང་ནས་རོལ་དབྱངས་གཏང་ཆོག་ཀྱང་། ཞབས་བྲོ་ཤེས་མཁན་མེད་པར་ཅི་བྱ་གཏོལ་མེད་དུ་ལུས་ཀྱི་ཡོད་ཅེས་གསུངས། 
             ཡང་བགྲེས་སོང་ངག་དབང་རྒྱལ་མཚན་ལགས་ཀྱིས།  ད་ཆ་ཁྱིམ་ཚང་གི་བྱེད་སྒོ་དང་།  ཐུན་མོང་གི་བྱེད་སྒོ་སོགས་དགའ་སྟོན་གང་རུང་དང་། དེ་བཞིན་རེས་གཟའ་སྤེན་པ་དང་ཉི་མ་སོགས་ངལ་གསོའི་དུས་ཚོད་དུའང་ཞབས་བྲོ་ཤེས་མཁན་མང་པོ་ཡོད་པས་འཁྲུག་ཆ་ཧ་ཅང་དོད་པོ་ཡོད།  དེ་དག་ནི་རྒན་ཉི་མ་མཚམས་གཅོད་ལགས་ཀྱིས་སྐུ་ལས་བསྐྱོན་པ་དང་ཁ་བྲལ་ཐབས་མེད་པ་ཞིག་རེད། ང་ཚོའི་ཚེ་མཇུག་ཏུ་ནང་མ་སྟོད་གཞས་དར་རྒྱས་འདི་ཙམ་ཡོང་གི་རེད་སྙམ་པ་བསམ་པའི་ཡུལ་ལ་འཁོར་མྱོང་མེད། ང་ཚོ་རྒན་འཁོགས་ཚོས་ཉིན་ལྟར་ཁྱིམ་དུ་འཛུལ་ནས་མ་བསྡད་པར།  ནང་མ་སྟོད་གཞས་རྒྱག་པར་སྐྱོད་རྒྱུ་ཡོད་པ་འདི་ནི།  ཏང་དང་རྒྱལ་ཁབ་ནས་བོད་ཀྱི་མངོན་མིན་རིག་གནས་ཤུལ་བཞག་འཛིན་སྐྱོང་སྤེལ་གསུམ་ལ་ཚད་མཐོའི་མཐོང་ཆེན་གནང་བས་ཡིན་ལ།  ཡང་སྒོས་སུ་ཞབས་གཞས་མཁས་པ་རྒན་ཉི་མ་མཚམས་གཅོད་ལགས་ཀྱིས་ཁེངས་དྲེགས་དང་སུན་སྣང་སྤུ་ཙམ་མེད་པར་སློབ་སྟོན་ནན་པོ་གནང་བའི་བཀའ་དྲིན་རེད་ཅེས་ཡང་ཡང་གསུང་གི་འདུག
             སྤྱི་ལོ་2018ལོར་གོང་རིམ་ནས་རྒན་ཉི་མ་མཚམས་གཅོད་ལགས་ཀྱི་ཁྱད་ཡོན་དངོས་ལ་གཞིགས་ནས།  གྲོང་ཁྱེར་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ནང་མ་སྟོད་གཞས་ཀྱི་རྒྱུན་འཛིན་བར་གཏན་འཁེལ་བྱས་རྗེས། ཁོང་གི་ཐུགས་ལ་དེ་བས་སྐུལ་ལྕག་ཆེན་པོ་ཐེབས་ཏེ།  ནུས་ཤུགས་ཇི་ཡོད་ཀྱིས་རྒྱུན་འཛིན་བའི་བྱ་བ་ལེགས་པར་སྒྲུབ་རྒྱུའི་དགོངས་བཞེས་ཀྱིས་སླར་ལས་ལྷག་པའི་སྒོ་ནས་རྒྱུན་འཛིན་བ་གསོ་སྐྱོང་གི་བྱ་བར་གཞོལ། དེའང་མིག་སྔར་གྲོང་ཁྱེར་ནས་རིམ་གྱིས་ལྷ་སའི་ཁོངས་ཀྱི་གྲོང་གསེབ་ཏུ་ནང་མ་སྟོད་གཞས་དར་སོ་བྱེད་པ་དེའང་རྒན་ཉི་མ་མཚམས་གཅོད་ལགས་ཀྱིས་ཚོགས་གཙོ་གནང་བའི་ལྷ་སའི་ནང་མ་སྟོད་གཞས་རྒྱུན་འཛིན་ཚོགས་པས། གཞི་རིམ་དུ་ནང་མ་སྟོད་གཞས་འཁྲབ་སྟོན་གནང་བར་ཕེབས་པ་དང་འབྲེལ་བ་དམ་ཟབ་ཡོད་པ་སྟེ། དེའང་ཉེ་བའི་ལོ་ཤས་རིང་འབྲེལ་ཡོད་ཚན་པས་གདན་ཞུས་ལྟར།  རྒན་ཉི་མ་མཚམས་གཅོད་ལགས་ཀྱིས་ཚོགས་པའི་སྣེ་ཁྲིད་དེ།  སྔ་རྗེས་སུ་ཆུ་ཤུར་རྫོང་དང་།  སྟོད་ལུང་བདེ་ཆེན་ཆུས་སོགས་གཞི་རིམ་དུ་ནང་མ་སྟོད་གཞས་ཐེངས་13འཁྲབ་སྟོན་གནང་བ་དེས། སྒྱུ་རྩལ་ལ་སྤྲོ་བའི་ཞིང་འབྲོག་ཁུལ་གྱི་མང་ཚོགས་དེ་བས་མང་བས་ནང་མ་སྟོད་གཞས་སྦྱོང་རྒྱུར་སྐུལ་མ་ཐེབས་ཡོད་པ་རེད། 
             མི་མང་པོ་ཞིག་གིས་སྦྱོང་འདོད་བྱེད་པའི་སྣང་ཚུལ་བཟང་པོ་དེའི་འོག   རྒན་ཉི་མ་མཚམས་གཅོད་ལགས་ཀྱིས་ཁྱབ་རྒྱ་ཆེ་བའི་སློབ་ཁྲིད་ཀྱི་ནུས་པ་ཐོན་ཆེད་དང་རང་ཉིད་ཀྱི་དམིགས་བསལ་ཁྱད་ཡོན་མི་མུས་རྒྱུད་དུ་གནས་པར་བྱ་ཆེད། སྤྱི་ལོ་2018ལོ་ནས་བཟུང་།  ནང་མ་སྟོད་གཞས་བརྒྱ་ཕྲག་གི་ཁྲོད་ནས་ལེགས་འདེམས་བྱས་པའི་མི་སྒེར་གྱི་འོད་སྡེར་ཞིག་འདོན་རྒྱུའི་གྲ་སྒྲིག་གནང་།
             འོད་སྡེར་འདོན་རྒྱུ་དེའང་ལས་སླ་པོའི་བྱ་བ་ཞིག་ག་ནས་ཡིན།  ཞབས་གཞས་ཁག་ཁོང་རང་ཉིད་ནས་འཁྲབ་སྟོན་གནང་ཆོག་ཀྱང་། དེར་རོལ་ཆ་གཏོང་མཁན་དང་འོད་སྡེར་གྱི་མ་གནས་སོགས་འགྲོ་གྲོན་སྣ་ཚོགས་པ་ངེས་ཅན་ཞིག་གཏོང་དགོས་ཀྱི་ཡོད་ཅིང་།  འགྲོ་གྲོན་གྱི་ཐད་དཀའ་ངལ་འཕྲད་པའི་ཚེ།  ཁོང་གི་དགའ་ཉེ་དང་སློབ་ཕྲུག་མང་པོ་ཞིག་གིས་འོད་སྡེར་གྱི་མ་དངུལ་སྤྱི་ཚོགས་ལ་ཞལ་འདེབས་སློང་རྒྱུ་དང་། ཡང་ན་མངོན་མིན་རིག་གནས་ཤུལ་བཞག་འཛིན་སྐྱོང་ཚན་པར་སྐྱབས་འཇུག་ཞུ་རྒྱུའི་གྲོས་འགོ་བཏོན་མོད།  འོན་ཏེ་ཁོང་གིས་ཚན་པ་དང་མི་སུ་ཞིག་ཀྱང་སུན་པོ་བཟོ་མི་འདོད་པར།  རང་ཁྱིམ་གྱི་གསོག་དངུལ་ཕྲན་བུ་ཡོད་པའི་ཐོག་སྤུན་མཆེད་ཚོར་རེ་བ་བཏོན་ནས།  ཁྱོན་འགྲོ་གྲོན་སྒོར་ཁྲི་37བཏང་སྟེ།  སྤྱི་ལོ་2019ལོར་དངོས་སུ་འོད་སྡེར《སྲོལ་རྒྱུན་གྱི་སྟོད་གཞས་ནང་མ》སྡེར་གྲངས7000བཏོན་ནས་ཁྲོམ་རར་འགྲེམས་སྤེལ་མཛད་ཡོད་ཅིང་།  ཁོང་གིས་རང་ཉིད་ཀྱི་ལུས་ལ་བརྟེན་ནས་འཁྲབ་སྟོན་དང་། འོད་སྡེར་ལ་བརྟེན་ནས་ནང་མ་སྟོད་གཞས་གངས་ལྗོངས་ཀྱི་སྲིད་འབྱོར་རིག་གསུམ་གྱི་ལྟེ་གནས་གནས་མཆོག་ལྷ་ས་ནས་ཁྱབ་འགྱེད་གནང་བ་དེས།  སྤྱི་ཚོགས་ཀྱི་རིག་གནས་བསམ་པའི་འཚོ་བཅུད་ཇེ་ཟབ་ཏུ་སོང་བ་དང་།  རིག་རྩལ་གྱི་ཁྲོམ་ར་དར་རྒྱས་གཏོང་བར་ཡང་གཞན་གྱིས་ཚབ་བྱེད་ཐབས་བྲལ་བའི་ནུས་པ་ཐོན་ཡོད་པ་རེད།

             གསར་འགོད་པས།  རྒན་ཉི་མ་མཚམས་གཅོད་ལགས་ལ་བཅར་འདྲི་ཐེངས་གཉིས་ཞུས་པ་བརྒྱུད།  མཇུག་མཐར།  ཁོང་ད་ཆ་དགུང་ལོ་58ལ་ཕེབས་ཡོད་པས། སླད་ཕྱིན་ནང་མ་སྟོད་གཞས་མུ་མཐུད་འཁྲབ་སྟོན་དང་སློབ་ཁྲིད་གནང་རྒྱུའི་ཐད་གཟིགས་རྒྱང་ཇི་ཙམ་ཡོད་དམ་ཞེས་བཀའ་འདྲི་ཞུ་སྐབས།  ཁོང་གིས་བཅོས་མ་མིན་པའི་ངང་སྤྱི་ཚོགས་ཐོག་ནང་མ་སྟོད་གཞས་ལ་མཉེས་པོ་ཡོད་པ་ཧ་ཅང་མང་པོ་ཞིག་གིས་ཞབས་གཞས་མཁྱེན་ཟིན་ཡང་།  ད་དུང་སྦྱོང་འདོད་ལ་བློ་ཁ་ཆོག་པའི་མི་རྫོགས་རྒྱུ་མེད་པས།  གུས་མོས་ན་སོས་མ་ཐེག་དབར་ནང་མ་སྟོད་གཞས་ཀྱི་གར་སྟེགས་ཐོག་འཛེགས་ནས་མི་དེ་བས་མང་བར་ནང་མ་སྟོད་གཞས་སློབ་ཀྱི་ཡིན་ལ། དེ་བས་ཀྱང་རང་ཉིད་ད་ཆ་ལྷ་ས་གྲོང་ཁྱེར་གྱི་ནང་མ་སྟོད་གཞས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་བ་ཞིག་ཏུ་གྱུར་ཟིན་པས།  རྒྱུན་འཛིན་བ་དེ་བས་མང་བ་གསོ་སྐྱོང་བྱེད་རྒྱུ་ནི་ཚེ་མཇུག་འདིར་བསྐྱུར་མི་རུང་བའི་འོས་འགན་ཞིག་ཏུ་བརྩི་རྒྱུ་ཡིན་ཞེས་གསུངས་བྱུང་།
             ནང་མ་སྟོད་གཞས་དར་ཁྱབ་ཤིན་ཏུ་ཆེ་བའི་དུས་དེང་སང་།  ཞབས་གཞས་ཀྱི་རྡོག་སྒྲ་དང་གྲེ་བའི་འགྱུར་ཁུག་འདིས།  འཛམ་གླིང་དབུ་རྩེར་གནའ་བོའི་རིག་གནས་ཉམས་པ་མེད་པའི་གཟི་བྱིན་འབར།  བོད་མི་དམངས་ཀྱི་དངོས་པོ་དང་རིག་གནས་འཚོ་བ་དུས་གཅིག་ཏུ་ལོ་རྒྱུས་ཀྱི་མཐོ་ཚད་གསར་པར་སླེབས་པ་མཚོན་ལ།  གཞས་ཞབས་བྲོར་རྩེན་པའི་མི་ཇེ་མང་དུ་འགྲོ་བཞིན་པ་དེས།  བོད་མི་དམངས་ཀྱི་བདེ་སྐྱིད་སྟོན་གྲངས་ཀྱང་མགྱོགས་མྱུར་འཕར་བཞིན་པ་མངོན། སློབ་མ་ཧ་ཅང་མང་པོ་བསྐྱངས་པར་བརྟེན་ད་ཆ་ལྷ་ས་གྲོང་ཁུལ་ལ་ཆ་མཚོན་ན།  རྒན་ཉི་མ་མཚམས་གཅོད་ལགས་ངོ་མི་ཤེས་མཁན་ཧ་ལམ་མེད།  ཚང་མས་ཁོང་ལ་གུས་བཀུར་ཞུ་བཞིན་ཡོད་པ་ནི།   ཁོང་གིས་འཇུངས་པ་མེད་ཅིང་ངལ་བ་ཁྱད་སད་ཀྱིས་ནང་མ་སྟོད་གཞས་སློབ་ཁྲིད་གནང་བས་ལོས་ཀྱང་ཡིན། རྒན་ཉི་མ་མཚམས་གཅོད་ལགས།  ཁྱེད་ཀྱིས་མུ་མཐུད་ནང་མ་སྟོད་གཞས་ཀྱི་གར་སྟེགས་ཐོག་ཕེབས་ནས།  ཕུལ་བྱུང་སློབ་མ་དེ་བས་མང་བ་སྐྱོང་རྒྱུའི་སྨོན་འདུན་ཞུ། 
             སྤྱི་ལོ། 2020ལོའི་ཟླ་1ཚེས་8ཉིན།
རྩོམ་སྒྲིག་པ།སྣང་རྡོར།