ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

སི་ཁྲོན་ཞིང་ཆེན་གྱིས་བོད་བརྒྱུད་ནང་བསྟན་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་མཐུན་སྦྱོར་སྐོར་གྱི་དཔྱད་གླེང་ཚོགས་འདུ་སྤེལ།

སྤེལ་དུས 2018-10-19 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པད་མས་བསྒྱུར།
         ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ10པའི་ཚེས17ཉིན། སི་ཁྲོན་ཞིང་ཆེན་ཨུ་ལྷན་འཐབ་ཕྱོགས་གཅིག་གྱུར་པུའུ་དང་། ཞིང་ཨུད་ཀྱི་བོད་རིགས་ས་ཁུལ་གཞུང་དོན་ཁང་གིས་སི་ཁྲོན་བོད་བརྒྱུད་ནང་བསྟན་སློབ་གླིང་དུ“ཀྲུང་གོ་ཅན་རྒྱུན་སྐྱོང་བཞིན། ཀྲུང་གོའི་ཕུགས་འདུན་མཉམ་དུ་སྒྲུབ”ཅེས་པའི་བོད་བརྒྱུད་ནང་བསྟན་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་མཐུན་སྦྱོར་སྐོར་གྱི་དཔྱད་གླེང་ཚོགས་འདུ་སྤེལ་བ་རེད།
         སི་ཁྲོན་ཞིང་ཨུད་ཀྱི་རྒྱུན་ཨུ་དང་། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ཐན་ཞང་ལི་ཚོགས་འདུར་ཞུགས་ཏེ་གསུང་བཤད་གནང་བ་རེད། ཁོ་མོས་བསྟན་དོན། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཆོས་ལུགས་ཀྱི་གཞུང་ལུགས་རྒྱུན་འཁྱོངས་དང་། ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་སུ་བསྐྱོད་པ་མཐའ་འཁྱོངས་བྱས་ཏེ་ཆོས་ལུགས་དང་འབྲེལ་བའི་དོན་དག་རིགས་སྐྱོན་བྲལ་ངང་རྒྱུན་འཛིན་དང་། འབྱུང་འགྱུར་རྣམ་པ་དང་མདུན་ལམ་གྱི་ལས་དབང་མཐའ་འཁྱོངས་བྱེད་དགོས། བོད་བརྒྱུད་ནང་བསྟན་ནི་རང་རྒྱལ་གྱི་ཆོས་ལུགས་ཀྱི་གྲུབ་ཆ་ཞིག་ཡིན་པའི་ཆ་ནས་ལོ་རྒྱུས་ཀྱི་འཕེལ་ཕྱོགས་ཆེན་པོ་ཁོང་དུ་ཆུད་པ་དགོས་པ་དང་། ཆོས་ལུགས་ཀྱི་ཆོས་ཉིད་ལ་ངོས་འཛིན་གསལ་པོ་དང་། དུས་རབས་ཀྱི་འཕེལ་ཕྱོགས་དང་བསྟུན་ཤེས་དགོས་ཤིང་། དར་ཆ་གསལ་སྒྲེང་གིས་ཀྲུང་གོ་ཅན་དུ་འགྱུར་བའི་ཁ་ཕྱོགས་མཐའ་འཁྱོངས་དང་། ཆབ་སྲིད་ཐོག་རང་རྟོགས་ངང་ངོས་འཛིན་གཅིག་མཐུན་ཡོང་བ་དང་། རིག་གནས་ཀྱི་ཐོག་རང་རྟོགས་ངང་མཉམ་འདྲེས་དང་། སྤྱི་ཚོགས་ཐོག་རང་འགུལ་གྱིས་བསྟུན་ཏེ་སྤྱི་ཚོགས་འཕེལ་རྒྱས་གཏོང་རྒྱུ་དང་གཅིག་མཐུན་ཡོང་བ་དང་། དུས་རབས་ཡར་ཐོན་དང་གཅིག་མཚུངས་ཡོང་བ་བྱེད་དགོས། 
རི་མོ་འདི་ནི་སི་ཁྲོན་ཞིང་ཨུད་ཀྱི་རྒྱུན་ཨུ་དང་། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ཐན་ཞང་ལིས་གསུང་བཤད་གནང་བའི་རྣམ་པ་རེད། 
         ཐན་ཞང་ལིས་ནན་བཤད་གནང་དོན། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་འགྱུར་བར་ལོ་རྒྱུས་ཀྱི་འབྱུང་ཁུངས་གཏིང་ཟབ་མོ་དང་། གསོན་ཉམས་ལྡན་པའི་ལག་ལེན་དང་འཚོལ་ཞིབ། རྔམ་བརྗིད་ལྡན་པའི་སྤྱི་ཚོགས་ཀྱི་རྨང་གཞི་ལྡན་ཞིང་། ཏང་གིས་འགོ་ཁྲིད་བྱེད་རྒྱུ་དེ་ཆེས་རྩ་བའི་འགན་ལེན་བྱ་རྒྱུ་རྒྱུན་འཁྱོངས་དང་། བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་ཡང་དག་པའི་ཁ་ཕྱོགས་ཁོང་དུ་བརྟན་པོ་ཆུད་པ་བྱ་དགོས། ཁྲིམས་སྐྱོང་ལ་བརྩི་མཐོང་དང་དར་སྤེལ་བྱ་རྒྱུ་དེ་ཆེས་གཏིང་ཟབ་པའི་རྨང་རྡོ་བྱས་ཏེ་ཁྲིམས་སྐྱོང་གི་ལམ་ཕྱོགས་འོག་བོད་བརྒྱུད་ནང་བསྟན་རྒྱུན་འཛིན་དང་འཕེལ་རྒྱས་སུ་གཏོང་དགོས། སེམས་ཅན་གྱི་འགྲོ་དོན་དེ་གལ་འགངས་ཆེ་ཤོས་ཀྱི་འགན་འཁྲི་ཞིག་ཏུ་བརྩིས་ནས་བློ་གཅིག་སེམས་གཅིག་གིས་དད་ལྡན་མང་ཚོགས་ལ་བདེ་སྐྱིད་བསྐྲུན་དགོས་པ་དང་། བླ་མ་སྐྱེས་ཆེན་དེ་དག་ཆེས་གནད་འགག་གི་ཚོགས་སྤྱིར་ངོས་བཟུང་ནས་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱ་དགོས་ཤིང་། དར་ཆ་གསལ་སྒྲེང་གིས་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་འགྱུར་བར་སྐུལ་འདེད་དང་། སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་མཐུན་སྦྱོར་ཡོང་བ་བྱས་ཏེ་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་དང་། སི་ཁྲོན་བཅོས་སྐྱོང་དང་དར་སྤེལ་བྱ་བ་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་བར་བྱས་རྗེས་འཇོག་དགོས། 
རི་མོ་འདི་ནི་སི་ཁྲོན་ཞིང་ཆེན་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་དང་། སི་ཁྲོན་བོད་བརྒྱུད་ནང་བསྟན་སློབ་གླིང་གི་སློབ་གཙོ་རྒྱལ་བསྟན•བློ་བཟང་བྱམས་པས་ཤིས་ཚིག་གནང་བའི་རྣམ་པ་རེད། 
རི་མོ་འདི་ནི་གསེར་རྟ་རྫོང་བླ་རུང་དགོན་དོ་དམ་ཨུ་ལྷན་གྱི་རྒྱུན་ལས་ཀྲུའུ་རེན་གཞོན་པ་མཁན་པོ་བསོད་དར་རྒྱས་ལགས་ཀྱིས་གསུང་བཤད་གནང་བཞིན་པའི་རྣམ་པ་རེད། 
         སི་ཁྲོན་ཞིང་ཆེན་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་དང་། སི་ཁྲོན་བོད་བརྒྱུད་ནང་བསྟན་སློབ་གླིང་གི་གླིང་གཙོ་རྒྱལ་བསྟན•བློ་བཟང་བྱམས་པས་ཤིས་ཚིག་གནང་བ་དང་། བསོད་དར་རྒྱས་དང་། དཔལ་རྒྱལ། དཔོན་ཁ•སྐལ་བཟང་རིན་ཆེན། འཇམ་དབྱངས་བློ་གྲོས། བཞག་པ•འཇམ་དབྱངས་མཁས་གྲུབ། པདྨ་རིན་ཆེན་སོགས་བོད་བརྒྱུད་ནང་བསྟན་ལས་རིགས་ཀྱི་འཐུས་མིས་གཏམ་བཤད་གནང་བ་རེད། སི་ཁྲོན་ཞིང་ཆེན་ཨུ་ལྷན་འཐབ་ཕྱོགས་གཅིག་གྱུར་པུའུ་དང་། ཞིང་ཆེན་ཨུ་ལྷན་གྱི་བོད་རིགས་ས་ཁུལ་གཞུང་དོན་ཁང་། ཞིང་ཆེན་མི་རིགས་ཆོས་དོན་ཨུ་ལྷན་དང་། ཞིང་ཆེན་ནང་བསྟན་མཐུན་ཚོགས་ཀྱི་འབྲེལ་ཡོད་འགན་འཁུར་བ་དང་། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དང་། རྔ་བ་བོད་རིགས་དང་ཆའང་རིགས་རང་སྐྱོང་ཁུལ། ལེའང་ཧྲན་དབྱིས་རིགས་རང་སྐྱོང་ཁུལ་གྱི་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་དང་། ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་དང་། དྲུང་ཡིག་ཆེན་མོ་དང་། དགོན་སྡེ་ཁག་གཅིག་གི་འཐུས་ཚབ་མི་སྣ་དང་དེ་བཞིན་སི་ཁྲོན་བོད་བརྒྱུད་ནང་བསྟན་སློབ་གླིང་གི་སློབ་མ་དང་བཅས་བསྡོམས་པས་མི་གྲངས170ལྷག་ཙམ་ཚོགས་འདུར་ཞུགས་པ་རེད། 
རི་མོ་འདི་ནི་སི་ཁྲོན་ཞིང་ཆེན་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་དང་། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། སྡེ་དགེ་རྫོང་ཚབ་ཚ་དགོན་པའི་སྤྲུལ་སྐུ་དཔལ་རྒྱལ་གྱིས་གཏམ་བཤད་སྤེལ་བའི་རྣམ་པ་རེད། 
རི་མོ་འདི་ནི་སི་ཁྲོན་ཞིང་ཆེན་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་དང་། རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་དང་། གཟི་ཚ་སྡེ་དགུ་རྫོང་རྫ་རོང་དགོན་པའི་སྤྲུལ་སྐུ་དཔོན་ཁ•སྐལ་བཟང་རིན་ཆེན་གྱིས་གཏམ་བཤད་གནང་བའི་རྣམ་པ་རེད། 
རི་མོ་འདི་ནི་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་དང་། འཛམ་ཐང་རྫོང་གཙང་བ་དགོན་པའི་སྤྲུལ་སྐུ་འཇམ་དབྱངས་བློ་གྲོས་ཀྱིས་གཏམ་བཤད་གནང་བའི་རྣམ་པ་རེད། 
རི་མོ་འདི་ནི་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་དང་། ལི་ཐང་རྫོང་མ་ཐང་དགོན་པའི་སྤྲུལ་སྐུ་བཞག་པ•འཇམ་དབྱངས་མཁས་གྲུབ་ཀྱིས་གཏམ་བཤད་སྤེལ་བའི་རྣམ་པ་རེད། 
འདི་ནི་སི་ཁྲོན་ཞིང་ཆེན་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་དང་། མུ་ལི་རྫོང་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་དང་། མུ་ལི་དགོན་ཆེན་གྱི་སྤྲུལ་སྐུ་པདྨ་རིན་ཆེན་གྱིས་གཏམ་བཤད་གནང་བའི་རྣམ་པ་རེད།