ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

ར་མོ་སྡེ་བའི་ཧྲུའུ་ཅི་དང་པོ་ལྷུན་གྲུབ་རྡོ་རྗེ་ཡི་སྙིང་གཏམ།

སྤེལ་དུས 2018-12-07 ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར་ལས་དྲངས། རྩོམ་པ་པོ། སངས་སྐྱབས་ཀྱིས་བསྒྲིགས།

ལྷུན་གྲུབ་རྡོ་རྗེ་ཡིས་སྲིད་ཇུས་དྲིལ་སྒྲོག་བྱེད་བཞིན་པ།
           མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཞིན་ཧེ་རྫོང་འབྲོང་མཐིལ་ཞང་དུ་ར་མོ་ཞེས་པའི་སྡེ་བ་ཞིག་ཡོད་ལ། ཞིན་ཧེ་རྫོང་མཁར་ནས་ར་མོ་སྡེ་བའི་བར་དུ་སྤྱི་ལེ130ལྷག་ཡོད་པས། དེ་ནི་རྫོང་དང་བར་ཐག་རིང་ཞིང་འགྲིམ་འགྲུལ་དེ་འདྲའི་སྟབས་མི་བདེ་བའི་སྡེ་བ་ཞིག་ཡིན། ཐེངས་འདིའི་བཅར་འདྲིའི་ཁྲོད་ཀྱི་མི་སྣ་གཙོ་བོ་ནི་ཏག་ཏག་སྡེ་བ་དེའི་སྡེ་སྡོད་ཧྲུའུ་ཅི་དང་པོ་སྟེ། ཁོའི་མིང་ལ་ལྷུན་གྲུབ་རྡོ་རྗེ་ཟེར།
           སྔོན་ལ་ང་ཚོས་ར་མོ་སྡེ་བའི་གནས་ཚུལ་ལ་རྒྱུས་ལོན་རག་ཙམ་བྱས་ཆོག་སྟེ། ར་མོ་སྡེ་བ་ནི་ཞིན་ཧེ་རྫོང་གི་ཤར་ལྷོའི་མཚམས་ཀྱི་རི་ཁུག་ལུང་ཀྱོག་ཅིག་ཏུ་ཆགས་ཤིང་། ཆ་སྙོམས་བྱས་ན་མཚོ་ངོས་ལས་མཐོ་ཚད3900ཡོད་ལ། སྔོན་ཆད་ཡུལ་དེ་འགྲིམ་འགྲུལ་སྟབས་མི་བདེ་ཞིང་བརྡ་འཕྲིན་དུས་ལྟར་མི་གོ་ལ། དཔལ་འབྱོར་གྱི་ཐད་ནས་ཀྱང་ཅུང་རྗེས་ལུས་ཡིན་པའི་རི་སྡེ་ཞིག་ཡིན་པ་དང་། སྡེ་བ་ཡོངས་ལ་དུད་ཁྱིམ240དང་མི་གྲངས906ཡོད། དེའི་ཁྲོད་མཐོ་འབྲིང་སློབ་མ4དང་སློབ་ཆེན་སློབ་མ3ཙམ་ལས་མེད་པས་ལྟོས་བཅས་ཀྱིས་སློབ་གསོ་མྱངས་ཚད་ཀྱང་ཧ་ཅང་དམའ་བར་བཤད་ཆོག འདི་ལྟ་བུའི་སྡེ་བ་ཞིག་དབུལ་ཐར་ཕྱུག་སྒྱུར་གྱི་ལམ་དུ་བསྐྱོད་དགོས་ན་དེ་ལ་དཀའ་ཁག་ངེས་ཅན་ཞིག་ཡོད་པ་སྨོས་མ་དགོས།

ལྷུན་གྲུབ་རྡོ་རྗེ་ཡིས་སྡེ་དོན་གྲོས་བསྡུར་བྱེད་བཞིན་པ།
           གསར་འགོད་པས་ར་མོ་སྡེ་བའི་སྡེ་སྡོད་ཧྲུའུ་ཅི་དང་པོ་ལྷུན་གྲུབ་རྡོ་རྗེ་ལ་བཅར་འདྲི་བྱེད་དུས། ད་ལོ་ཕོ་ལོ41ལ་སོན་པའི་ཕོ་གསར་དེས་ཡུད་ཙམ་ལ་ཅང་མི་སྨྲ་བར་སྡོད་ཅིང་། དེ་ནས་ཧ་ཅང་གཟབ་ནན་ངང“སྡེ་སྡོད་ལས་བྱེད་རུ་ཁག་གི་འགན་འཁྲི་གཙོ་བོ་ནི་གཅིག་ནས་ཤུགས་ཆེན་པོས་སྲིད་ཇུས་དྲིལ་སྒྲོག་བྱེད་པ་དང་། གཉིས་ནས་དབུལ་སྐྱོར་འཆར་འགོད་གཏན་འབེབས་བྱེད་པར་རོགས་རམ་བྱེད་པ། གསུམ་ནས་ནན་ཏན་སྒོས་གནད་ཁེལ་དབུལ་སྐྱོར་སྤེལ་བ། བཞི་ནས་དོན་དངོས་ཐོག་ཐོན་ལས་དབུལ་སྐྱོར་སྤེལ་བ། ལྔ་ནས་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་ལ་ཤུགས་སྣོན་པ། དྲུག་ནས་སྤྱི་པའི་ཞབས་ཞུ་ཆུ་ཚད་མཐོར་འདེགས་བྱེད་པ། བདུན་ནས་དངུལ་རྩའི་དབུལ་སྐྱོར་ཤུགས་ཆེར་སྤེལ་བ། བརྒྱད་ནས་ཧུར་ཐག་སྒོས་གློག་རྡུལ་དབུལ་སྐྱོར་ཚོང་ལས་སྤེལ་བ། དགུ་ནས་གཞི་རིམ་རྩ་འཛུགས་འཛུགས་སྐྲུན་ལ་ཤུགས་སྣོན་པ། བཅུ་ནས་ནན་ཏན་སྒོས་བྱ་བའི་ཉམས་མྱོང་སྤྱི་སྡོམ་བྱེད་པ་བཅས་ཡིན་ལ། སྡེ་སྡོད་ལས་བྱེད་པའམ་ཧྲུའུ་ཅི་ཞིག་ལ་མཚོན་ན་ནམ་ཡང་འགན་འཁྲི་འདི་འབོར་མི་ཉན”ཟེར། ཁོའི་སྐད་ཆ་དེ་དག་བཤད་དུས། གདོང་གི་རྣམ་འགྱུར་དང་སྐད་གདངས་གང་ལ་གཞིགས་ཀྱང་དབུལ་སྐྱོར་བྱ་བ་དེ་ནམ་ཡང་ཁོའི་སྙིང་ལ་བཅངས་ཡོད་པ་ཤེས་ཐུབ།

ལྷུན་གྲུབ་རྡོ་རྗེ་ཡིས་ཁྱིམ་ཚང་གི་གནས་ཚུལ་རྒྱུས་ལོན་བྱེད་བཞིན་པ།
           སྡེ་སྡོད་ཧྲུའུ་ཅིའི་རིག་གནས་ཆུ་ཚད་ཀྱིས་སྡེ་བ་གང་དེའི་དབུལ་སྐྱོར་བྱ་བར་ཐད་ཀར་ཤུགས་རྐྱེན་ཐེབས་སྲིད་དེ། དེ་ནི་ང་ཚོ་གཞི་རིམ་དུ་སྐྱོད་དུས་དབུལ་སྐྱོར་སྡེ་ཁག་གིས་རྒྱུན་དུ་གླེང་བའི་གནས་ཚུལ་ཞིག་རེད། ལྷུན་གྲུབ་རྡོ་རྗེ་ནི་སྡེ་སྡོད་ཧྲུའུ་ཅི་མང་པོའི་ཁྲོད་རིག་གནས་ཆུ་ཚད་ངེས་ཅན་ཡོད་པའི་ཧྲུའུ་ཅི་ཞིག་སྟེ། ཁོ་རང2001ལོར་ནང་ལོགས་སུ་ཡོད་པའི་ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོ་ནས་མཐར་ཕྱིན་པའི་སློབ་གྲྭ་ཆེན་མོ་པ་ཞིག་རེད་ལ། དེས་ཁོའི་སྲིད་ཇུས་ལ་སློབ་སྦྱོང་དང་ཁོང་དུ་ཆུད་པ། དྲིལ་སྒྲོག་དང་སྒྲོལ་འགྲེལ་བྱེད་པ་བཅས་ལ་དཀའ་ཁག་ཆེར་མེད་པས། ཁོས་ཏང་གི་དབུལ་སྐྱོར་སྲིད་ཇུས་དང་དེ་མིན་མི་རིགས་ས་ཁུལ་གྱི་དམིགས་བསལ་སྲིད་ཇུས་སྣ་ཚོགས་ཇི་བཞིན་དུ་མང་ཚོགས་ཀྱི་རྣ་ལམ་དུ་གོ་བརྡ་སྤྲོད་ཐུབ་པ་རེད། དེ་ལ་ར་མོ་སྡེ་བའི་མང་ཚོགས་ཀྱིས་ཀྱང་ནམ་ཡང་དགའ་བསུ་བྱས་དང་བྱེད་བཞིན་ཡོད།

ར་མོ་སྡེ་བའི་ཁང་གསར།
           ར་མོ་སྡེ་བའི་གསར་བུ་ཞིག་གིས་གསར་འགོད་པར་“ཧྲུའུ་ཅི་ལ་ཁྱད་ཆོས་ཤིག་ཡོད་པ་ནི་སྲིད་ཇུས་དྲིལ་སྒྲོག་བྱེད་སྟངས་ཁྱད་པར་ཞིག་ཡོད་པ་དེ་རེད”ཟེར། ཞིབ་ཏུ་དྲིས་དུས། ཧྲུའུ་ཅི་ལྷུན་གྲུབ་རྡོ་རྗེ་ཡི་སྡེ་བའི་ནང་གི་དོན་དག་འབྲེལ་བ་ཡོད་མེད་གཉིས་ཀ་ཆུ་བཞུར་བཞུར་དུ་མི་བཤད་པར། ཁོས་དུད་ཁྱིམ་རེ་རེའི་དཀའ་ཁག་དང་སྡེ་བ་སྤྱི་གཞུང་གི་དཀའ་ཁག་གང་ཡིན་ཡང་དྲི་བ་དྲིས་ལན་གྱི་ཚུལ་དུ་ལན་བཏབ་ཅིང་། དེའི་ཡིག་ངོར་ཕབ་ནས་ཀུན་ལ་བཀྲམ་པ་ན་ཚང་མས་དགའ་བསུ་བྱེད་པ་རེད།

ལྷུན་གྲུབ་རྡོ་རྗེ་ཡིས་གནས་ཚུལ་ངོ་སྤྲོད་བྱེད་བཞིན་པ།
           ཧྲུའུ་ཅི་ལྷུན་གྲུབ་རྡོ་རྗེ་ཡིས་ཡིད་ལ་ནམ་ཡང་ར་མོ་སྡེ་བའི་མང་ཚོགས་བཅངས་ཤིང་། ཏང་དང་རྒྱལ་ཁབ་ཀྱི་དབུལ་སྐྱོར་སྲིད་ཇུས་ཀྱི་གལ་ཆེན་རང་བཞིན་བསྒོམས་ནས་རང་ནུས་བཏོན་པས། ད་ལྟ་སྡེ་བའི་རྣམ་པར་འགྱུར་ལྡོག་ཆེན་པོ་བྱུང་ཡོད་དེ། སྡེ་བའི་ནང་དུ་ཨར་འདམ་དང་སོ་ཕག་གི་ཁང་པ་དང་། རང་འབབ་ཆུ། ལམ། གློག་སོགས་རྨང་གཞིའི་སྒྲིག་བཀོད་ཁ་ཚང་བ་དང་། གཞན་ཡང་རྒན་གསོའི་གྲོན་དངུལ་དང་སློབ་གསོའི་གྲོན་དངུལ། རྩྭ་སའི་ཁ་གསབ་གྲོན་དངུལ་སོགས་སྲིད་ཇུས་རང་བཞིན་གྱི་གྲོན་དངུལ་མ་ལུས་དུད་ཁྱིམ་རེ་རེར་གང་ལ་གང་འབབ་པ་དེ་བཞིན་དངོས་འབེབས་བྱས་ཏེ། མང་ཚོགས་ཀྱིས་སྲིད་ཇུས་བཟང་པོའི་འོད་སྣང་སྔ་མོ་ནས་རེག་ཡོད།

ལྷུན་གྲུབ་རྡོ་རྗེ་ཡིས་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་བཞིན་པ། 
           ཧྲུའུ་ཅི་ལྷུན་གྲུབ་རྡོ་རྗེ་ཡིས་བཤད་རྒྱུར། དབུལ་ཕོངས་ཀྱི་ཞྭ་མོ་ཡོངས་སུ་ཕུད་པའི་བྱ་བ་འདི་ནི་རྒྱུན་རིང་ཞིང་དཀའ་ཁག་ཆེ་བའི་བྱ་བ་ཞིག་ཡིན་རུང་། ལོ་འདི་དག་ནང་རྒྱལ་ཁབ་ཀྱི་ཡང་དག་པའི་སྲིད་ཇུས་དང་དཔལ་འབྱོར་གྱི་རྒྱབ་རྟེན་ཡོད་པས་ང་ཚོར་ཡིད་ཆེས་བརྟན་པོ་ཡོད། རྒྱལ་ཁབ་ཀྱིས་གཏན་འཁེལ་བྱས་པ་ལྟར། དབུལ་ཕོངས་ཁྱིམ་ཚང་དབུལ་ཕོངས་ལས་ཐར་བའི་ཚད་གཞི་ནི། གཅིག་ནས་དབུལ་ཕོངས་ཁྱིམ་ཚང་གི་མི་རེའི་ལོ་རེའི་ཆ་སྙོམས་ཡོང་སྒོ་རྒྱལ་ཁབ་ཀྱི་དབུལ་ཐར་ཚད་གཞི་ལས་བརྒལ་དགོས་པ་དང་། གཉིས་ནས་བདེ་འཇགས་ཀྱི་སྡོད་ཁང་ཡོད་དགོས་པ། གསུམ་ནས་འོས་འགན་སློབ་གསོའི་དུས་སྐབས་སུ་སློབ་མ་བྲོས་བྱོལ་བྱེད་མཁན་མེད་པ། བཞི་ནས་ཞིང་སྡེའི་ལུགས་གསར་མཉམ་ལས་སྨན་བཅོས་ནང་ཞུགས་པ། ལྔ་ནས་ཞིང་སྡེའི་ལུགས་གསར་སྤྱི་ཚོགས་རྒན་གསོ་ཉེན་སྲུང་ནང་ཞུགས་པ། དྲུག་ནས་རེ་འདོད་ཅན་རྣམས་ལུས་རྩལ་སྦྱོང་བརྡར་ལ་ཞུགས་པ་བཅས་ཡིན་པས། འདི་ལྟ་བུའི་ཕུགས་བསམ་རླབས་པོ་ཆེ་མངོན་དུ་འགྱུར་བར་ང་ཚོས་འབད་འབུངས་བྱེད་དགོས།