ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

རྒྱལ་ལམ་318འབྲི་ཆུའི་ཟམ་ཆེན་འགྲིམ་འགྲུལ་ཚད་བཀག་དོ་དམ་བྱས།

སྤེལ་དུས 2018-12-11 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། བྱམས་པས་བསྒྱུར།

             ཉེ་ཆར། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དང་། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་ཀྱིས་རྒྱལ་ལམ་318རྒྱུད་ཀྱི་འབྲི་ཆུའི་གྲུབ་པ་ལུང་ཟམ་ཆེན་དུ་འགྲིམ་འགྲུལ་ཚད་བཀག་དོ་དམ་བྱས་པ་ཁྱབ་བསྒྲགས་བྱས། ཟླ་བ་12པའི་ཚེས་9ཉིན། གསར་འགོད་པས་ཤེས་རྟོགས་བྱུང་གསལ། རྒྱལ་ལམ་318ལམ་རྒྱུད་ཀྱི་འབྲི་ཆུའི་ཟམ་ཆེན་གྱི་གྲ་སྒྲིག་ལྕགས་ཟམ་ཐོག་12ཚེས་6ཉིན་ནས་རླངས་འཁོར་ཤར་གཏོང་བྱེད་པའི་ནུས་པ་ལྡན་ཡོད། འོན་ཀྱང་ཨར་ལས་སྡེ་ཚན་གྱིས་ཟམ་པའི་འདེགས་ཚད་ཚོད་ལྟ་དང་རྡུང་འགོག་སྲུང་ར་སོགས་སྒྲིག་སྦྱོར་ལས་ཀ་བྱེད་དགོས། འགྲོ་འོང་བྱེད་པའི་འཕྲུལ་འཁོར་གྱི་བདེ་འཇགས་འགན་ལེན་བྱེད་ཆེད། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་དང་། སི་ཁྲོན་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གི་ཟམ་པར་ཤར་གཏོང་བྱེད་པའི་བདེ་འཇགས་དོ་དམ་གྱི་བླང་བྱ་ལྟར། ཞིབ་འཇུག་བྱས་པ་བརྒྱུད་ཟླ་12ཚེས་8ཉིན་ནས་བཟུང་རྒྱལ་ལམ་318ལམ་རྒྱུད་ཀྱི་འབྲི་ཆུའི་གྲུབ་པ་ལུང་ཟམ་ཆེན་དུ་འགྲིམ་འགྲུལ་ཚད་བཀག་དོ་དམ་བྱ་རྒྱུ་ཐག་གཅོད་བྱས། འགྲུལ་སྐྱེལ་འཁོར་ལོ་ཆུང་རིགས་འཁོར་བྱང་ཨང་རྟགས་སྔོན་པོ་ཕུད་རླངས་འཁོར་གཞན་རྣམས་བགྲོད་མི་ཆོག
             ཟླ་11ཚེས་14ཉིན་གྱི་ཐོ་རེངས་སུ། འབྲི་ཆུའི་འཁྱིལ་མཚོ་ཤོར་བས་རྒྱལ་ལམ་318ལམ་རྒྱུད་ཀྱི་འབྲི་ཆུའི་ཟམ་ཆེན་ལ་གཏོར་བརླག་ཚབས་ཆེན་བཟོས། ཟླ་11ཚེས་30ཉིན་རྒྱལ་ལམ་318ལམ་རྒྱུད་ཀྱི་འབྲི་ཆུའི་ཟམ་ཆེན་གྱི་ལྕགས་ཟམ་སྒྲོམ་སྟེགས་ཁ་ཟུམ་པ་དང་། ཟླ་12ཚེས་5ཉིན། དྲག་ཆས་ཉེན་རྟོག་དཔུང་སྡེའི་འགྲིམ་འགྲུལ་ཉིང་ལག་རུ་ཁག་གསུམ་པ་དང་འགྲིམ་འགྲུལ་ཉིང་ལག་རུ་ཁག་གཉིས་པའི་དཔུང་རོགས་དཔོན་དམག་རྣམས་དང་སི་ཁྲོན་གྱི་ལམ་ཟམ་ཚོགས་པས་ཉིན་12རིང་ལ་ཉིན་མཚན་བསྟུད་ནས་འབད་འཐབ་བྱས་པ་བརྒྱུད། རྒྱལ་ལམ་318རྒྱུད་ཀྱི་འབྲི་ཆུའི་ཟམ་པའི་ལྕགས་སྒྲོམ་ལེགས་འགྲུབ་བྱུང་བ་དང་། རླངས་འཁོར་ཤར་གཏོང་བྱེད་ནུས་ལྡན་ཡོད། ཟླ་12ཚེས་6ཉིན་ནས་བཟུང་འབྲི་ཆུའི་ལྕགས་སྒྲོམ་ཟམ་པའི་སྟེང་རླངས་འཁོར་ཆུང་གྲས་རིགས་ཤར་གཏོང་བྱས་ཆོག
             ཁྱབ་བསྒྲགས་བརྡ་སྦྱོར་དུ་བསྟན་དོན། འབྲི་ཆུའི་འཁྱིལ་མཚོ་ཤོར་བས་རྒྱལ་ལམ་318ལམ་རྒྱུད་ཀྱི་འབྲི་ཆུའི་གྲུབ་པ་ལུང་ཟམ་ཆེན་ལ་གནོད་སྐྱོན་ཚབས་ཆེན་བྱུང་། ད་ལྟ་ལྕགས་སྒྲོམ་ཟམ་པ་ལས་ཟིན་པ་དང་རླངས་འཁོར་ཤར་གཏོང་ནུས་པ་ལྡན་ཡོད། འོན་ཀྱང་ཟམ་པའི་ཀ་བ་དང་གདོང་མ་སོགས་ལ་གཏོར་སྐྱོན་ཕོག་པས། ཟམ་ངོས་ཀྱི་འདེགས་ཚད་ལ་ཚད་བཀག་ཡོད། རྒྱལ་ལམ་318རྒྱུད་ཀྱི་འབྲི་ཆུའི་གྲུབ་པ་ལུང་ཟམ་ཆེན་ཐོག་འགྲིམ་འགྲུལ་ཚད་བཀག་དོ་དམ་བྱ་དགོས་པ་དང་། རྒྱལ་ལམ་318སི་ཁྲོན་ཞིང་ཆེན་འབའ་ཐང་རྫོང་གྲོང་ནས་གྲུབ་པ་ལུང་ཕྱོགས་སུ་སྤྱི་ལེ་9དང་། རྒྱལ་ལམ་215སི་ཁྲོན་ཞིང་ཆེན་འབའ་ཐང་རྫོང་གིས་སོ་བ་ནང་ཤང་དང་། དེ་བཞིན་འབྲི་ཆུའི་གྲུབ་པ་ལུང་ཟམ་ཆེན་གྱི་སྣེ་མོ་རུ་སོ་སོར་ཚད་བཀག་དོ་དམ་ཞིབ་བཤེར་ས་ཚིགས་བཙུགས་ནས་རླངས་འཁོར་ཕྱོགས་གཅིག་ནས་ཁོ་ནར་ཤར་གཏོང་བྱས་ཆོག
             དུས་མཚུངས་སུ། རྒྱ་ཆེའི་རླངས་འཁོར་ཁ་ལོ་བས་ཡུལ་དངོས་ཀྱི་འགྲིམ་འགྲུལ་བཀོད་འདོམས་མི་སྣའི་བཀོད་འདོམས་ལ་བརྩི་བཀུར་བྱ་དགོས། ཟམ་ཆེན་གྱི་ཀ་བར་གནོད་སྐྱོན་ཕོག་པས་བབ་བསྟུན་ཤར་གཏོང་བྱས་པ་དང་མཉམ་དུ་ད་དུང་སྲུང་སྐྱོང་འཛུགས་བསྐྲུན་བྱ་དགོས་པས། ཕར་འགྲོ་ཚུར་འོང་བྱེད་པའི་རླངས་འཁོར་དལ་མོ་བགྲོད་དགོས་པ་དང་རླངས་འཁོར་གཏན་ནས་བསྡད་མི་ཆོག སི་ཁྲོན་ཞིང་ཆེན་གྱིས་ཟམ་པ་དེ་བརྒྱུད་ནས་བོད་རང་སྐྱོང་ལྗོངས་དང་ཡང་ན་བོད་རང་སྐྱོང་ལྗོངས་ནས་སི་ཁྲོན་ཞིང་ཆེན་གྱི་ཕྱོགས་སུ་གཏོང་བའི་རླངས་འཁོར་ཁ་ལོ་བས་སྔོན་ལ་གཡོལ་ལམ་འཆར་འགོད་བྱ་གྲབས་ཡོད། འགྲིམ་འགྲུལ་ཚད་བཀག་དོ་དམ་བྱེད་རིང་བོད་ལྗོངས་སུ་ཕར་འགྲོ་ཚུར་འོང་བྱེད་པའི་རླངས་འཁོར་རྣམས་རྒྱལ་ལམ་317དང་ཡང་ན་མཚོ་བོད་ལྕགས་ལམ་བསྐོར་ནས་ཤར་བགྲོད་ཐུབ་པ་བྱ་དགོས།