རི་མཐོར་འཛེགས་ནས་གནམ་ལོ་གསར་བ་བསུ། རྒྱལ་ཡོངས་ཀྱི་གནམ་ལོ་གསར་བའི་རི་འཛེགས་ལུས་སྦྱོང་ཚོགས་ཆེན་བོད་ལྗོངས་ལྷ་སའི་ཚོགས་ར་གཙོ་བོ་ནས་སྤེལ་བ།
སྤེལ་དུས 2019-01-03
ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།
རྩོམ་པ་པོ། འབྲུག་རྒྱལ་མཁར་གྱིས་བསྒྱུར།
ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། གནམ་ལོ་གསར་བར་རྣམ་པ་གསར་བ་ལྡན་པ་དང་། མི་སོ་སོ་ཉིན་རེ་བཞིན་ཡར་ཐོན་ཡོད། མང་ཚོགས་ཁྲི་ཚོ་བརྒྱ་ལྷག་རི་ལ་འཛེགས་ནས་གནམ་ལོ་གསར་བ་བསུ། སྤྱི་ལོ༢༠༡༩ལོའི་ཟླ༡པའི་ཚེས༡ཉིན་གྱི་སྔ་དྲོའི་ཆུ་ཚོད་༡༡པར། ༢༠༡༩ལོའི་རྒྱལ་ཡོངས་ཀྱི་རི་འཛེགས་ལུས་སྦྱོང་ཚོགས་ཆེན་བོད་ལྗོངས་ལྷ་སའི་ཚོགས་ར་གཙོ་བོའི་བྱ་འགུལ་དེ་བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་ཚེ་མཆོག་གླིང་ནས་སྤེལ་བ་དང་། རི་འཛེགས་ལ་སྤྲོ་བ་ལྡན་པའི་མི་བཞི་བརྒྱ་ལྷག་དེར་འདུས་ནས། རི་འཛེགས་ཀྱི་རྣམ་པ་བརྒྱུད་དེ་མཉམ་དུ་གནམ་ལོ་གསར་བ་བསུས།
དམངས་ཡོངས་ཀྱིས་ལུས་སྦྱོང་བྱེད་པའི་ཚ་རླབས་ཁྲོད། རི་འཛེགས་ནི་སྔ་མོ་ནས་དུས་རབས་ཀྱི་ཁྱད་ཆོས་ལྡན་པའི་ལུས་རྩལ་བྱ་འགུལ་ཞིག་ཏུ་གྱུར་ཡོད། རྒྱུས་ལོན་པ་ལྟར་ན། ད་ལོར་རྒྱལ་ཡོངས་ཀྱི་གནམ་ལོ་གསར་བའི་ལུས་སྦྱོང་ཚོགས་ཆེན་ཐེངས་བཞི་མུ་མཐུད་ནས་བོད་ལྗོངས་ལྷ་ས་རུ་སྤེལ་ཡོད་པར་མ་ཟད། འདིར་ཞུགས་པའི་མང་ཚོགས་རྣམས་ལོ་རེ་བཞིན་སྤྲོ་བ་ཇེ་ཆེ་ནས་ཇེ་ཆེ་རེད། ཉིན་དེར་གནམ་གཤིས་ཅུང་གྲང་རུང་། བྱ་འགུལ་འདིར་ཞུགས་པའི་མང་ཚོགས་རྣམས་དགའ་བ་འབུམ་གྱིས་ཁེངས་ཡོད་ལ། ལུས་རྩལ་གྱི་སྤྲོ་བས་ཐཱན་ཉུང་འགུལ་སྐྱོད་དང་བདེ་ཐང་གི་འཚོ་བའི་འདུ་ཤེས་མཚོན་པར་བྱེད།

རི་མཐོར་འཛེགས་ནས་རྒྱང་བལྟ་བྱེད་པ་ནི་རང་རྒྱལ་མི་དམངས་ཀྱིས་གནམ་ལོ་གསར་བ་བསུ་བའི་སྲོལ་རྒྱུན་ཞིག་ཡིན་ལ། དེས་གནམ་ལོ་གསར་བར་གཟུགས་པོ་བདེ་ཐང་དང་བྱ་བ་ལམ་འགྲོ། འཚོ་བ་བདེ་སྐྱིད་ཡོང་བའི་སྨོན་འདུན་མཚོན་ཡོད། ༢༠༡༩ལོ་ནི་རྒྱལ་ཡོངས་ཀྱི་གནམ་ལོ་གསར་བའི་རི་འཛེགས་ལུས་སྦྱོང་ཚོགས་ཆེན་སྤེལ་ཐེངས་༢༤པ་སྟེ། བྱ་འགུལ་འདི་ནི་མང་ཚོགས་མང་པོས་གནམ་ལོ་གསར་བར་རྟེན་འབྲེལ་ཞུ་བའི་བྱ་འགུལ་མེད་དུ་མི་རུང་བ་ཞིག་ཡིན་པར་མ་ཟད། ལྷག་པར་དུ་དེ་ནི་མི་དམངས་ཡོངས་ཀྱིས་ལུས་ཕུང་སྦྱོང་བརྡར་བྱེད་པའི་བྱ་འགུལ་དོན་སྙིང་ལྡན་པ་ཞིག་ཏུ་གྱུར་འདུག་ལ། མང་ཚོགས་སྔར་ལས་མང་པོ་ཞིག་བྱ་འགུལ་འདིར་ཞུགས་བཞིན་ཡོད།
ལྷ་ས་གྲོང་ཁྱེར་གྱི་རི་འཛེགས་ལ་དགའ་ཞེན་ཡོད་པ་རྡོ་རྗེ་ཚེ་རིང་ལགས་ཀྱིས་གསུང་རྒྱུར། ད་ཐེངས་ཀྱི་རི་འཛེགས་འདི་བརྒྱུད་ནས། གནམ་ལོ་གསར་བའི་ནང་ངའི་འཚོ་བ་སྔར་ལས་ཇེ་ལེགས་ཡོང་བ་དང་། གྲོགས་པོ་སྔར་ལས་མང་པོ་ཞིག་དམངས་ཡོངས་ཀྱི་བྱ་འགུལ་འདིའི་རིགས་དང་ལུས་སྦྱོང་གི་བྱ་འགུལ་ཁག་ནང་ཞུགས་པའི་རེ་བ་ཡོད། དེ་མིན་རང་རེའི་རྒྱལ་ཁབ་སྔར་ལས་སྟོབས་འབྱོར་ལྡན་པ་དང་། མང་ཚོགས་ཀྱི་འཚོ་བ་སྔར་ལས་བདེ་སྐྱིད་ཡོང་བའི་སྨོན་འདུན་ཞུ་ཟེར།
རི་འཛེགས་བྱ་འགུལ་ན་ཆུང་རུ་ཁག་གི་ཨང་༧པ་ཚེ་རིང་ཆོས་འཕེལ་གྱིས་གསུང་རྒྱུར། ངས་༢༠༡༩ལོར་རང་ཉིད་ཀྱི་ལུས་ཕུང་སྔར་ལས་བཟང་བའི་སྨོན་འདུན་ཞུ་རྒྱུ་ཡིན་ཟེར།
རི་འཛེགས་བྱ་འགུལ་ན་ཆུང་རུ་ཁག་གི་བདམས་ཐོན་པ་ལྷག་པ་བཀྲ་ཤིས་ཀྱིས་གསུང་རྒྱུར། ༢༠༡༩ལོའི་ངའི་ཕུགས་བསམ་ནི་རྐང་རྩེད་སྤོ་ལོའི་ལུས་རྩལ་པ་ཞིག་ཆགས་རྒྱུ་དེ་ཡིན་ལ། ཀྲུང་གོའི་རྐང་རྩེད་སྤོ་ལོའི་ལུས་རྩལ་ཐད་ལ་རང་ཉིད་ཀྱི་ནུས་ཤུགས་ཕུལ་ནས། ཀྲུང་གོའི་རྐང་རྩེད་སྤོ་ལོ་ཨ་ཤེ་ཡའི་གླིང་ཆེན་ནས་བརྒལ་ཐུབ་པར་བྱེད་རྒྱུ་ཟེར།
རི་འཛེགས་བྱ་འགུལ་ནར་སོན་རུ་ཁག་གི་ཨང་༡༣པ་ཚེ་བརྟན་བཀྲ་ཤིས་ཀྱིས་གསུང་རྒྱུར། ངའི་གནམ་ལོ་གསར་བའི་ཕུགས་བསམ་ནི་ད་ལོར་ཧྲང་ཧེ་འགྲིམ་འགྲུལ་སློབ་ཆེན་ལ་རྒྱུགས་འཕྲོད་ཐུབ་པ་བྱེད་རྒྱུ་དེ་ཡིན་ཟེར།
རི་འཛེགས་བྱ་འགུལ་ནར་སོན་རུ་ཁག་གི་བདམས་ཐོན་པ་ལྷག་པ་སྒྲོལ་མས་གསུང་རྒྱུར། ༢༠༡༩ལོར་ངའི་ཕ་མ་གཉིས་ཀྱི་སྐུ་གཟུགས་བདེ་ཐང་དང་། རང་ཉིད་ཀྱི་བྱ་བ་ལམ་འགྲོ། རང་རེའི་རྒྱལ་ཁབ་སྔར་ལས་ཇེ་བཟང་ཇེ་རྒྱས་ཡོང་བའི་སྨོན་འདུན་ཞུ་ཟེར།