ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

ཇོ་མོ་གླང་མར་ཐེངས་ལྔར་འགྲན་སློང་མཁན་གྱི“མི་ལོ་བདུན་བཅུ་ཅན་གྱི་དཔའ་བོ་” ཞ་པོ་ཡུས་ལ་ལའོ་ལུན་སི་ལོ་འཁོར་གྱི་ལུས་རྩལ་དུས་སྐབས་ཡག་ཤོས་ཀྱི་བྱ་དགའ་འཐོབ།

སྤེལ་དུས 2019-02-21 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པད་མས་བསྒྱུར།
             ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ་2ཚེས་19ཉིན་གྱི་ཐོ་རེངས་སུ་2019ལོའི་ལའོ་ལུན་སིའི་འཛམ་གླིང་གི་ལུས་རྩལ་བྱ་དགའ་སྤྲོད་པའི་མཛད་སྒོ་དེ་མོ་ནཱ་ཀིར་འཚོགས་པ་རེད། ཐེངས་འདིའི་ལའོ་ལུན་སིའི་འཛམ་གླིང་གི་ལུས་རྩལ་བྱ་དགར་བདམས་ཐོན་བྱུང་བའི་ཀྲུང་གོའི་མི་གཅིག་པུ་ཡིན་པའི་ཆ་ནས། ལོ་བདུན་ཅུར་ཟིན་པའི་ཀྲུང་གོའི་རི་འཛེག་མཁན་ཞ་པོ་ཡུས་ལ“ ལོ་འཁོར་གྱི་ལུས་རྩལ་དུས་སྐབས་ཡག་ཤོས་ཀྱི་བྱ་དགའ” ཐོབ་པ་རེད།
ཞ་པོ་ཡུས་ལ་ལའོ་ལུན་སིའི“ ལོ་འཁོར་གྱི་ལུས་རྩལ་དུས་སྐབས་ཡག་ཤོས་ཀྱི་བྱ་དགའ” ཐོབ་པའི་རྣམ་པ་རེད།
             ཞ་པོ་ཡུས་ཀྱིས“དེ་རིང་བྱ་དགའ་འདི་འཐོབ་པར་ཧ་ཅང་དགའ་སྤྲོ་སྐྱེས་ཤིང་། གར་སྟེགས་འདིར་ལངས་ཐུབ་པར་ངའི་སེམས་ལ་ཧ་ཅང་གཟི་བརྗིད་དང་སེམས་འགུལ་ཐེབས་པ་བྱུང་། ངས་ལོ་43སྔོན་ལ་ཉལ་ཁུག་འཐབ་གྲོགས་ཤིག་ལ་བྱིན་ཏེ་ངའི་རྐང་པ་གཉིས་གྲང་ནས་ཁེངས་པར་གྱུར”ཞེས་བཤད། ཁོ་རང་སྔོན་ཆད་ཀྱི་ལོ་43རིང་གི་རི་འཛེག་བརྒྱུད་རིམ་ཁྲོད་དུ་བློ་ཡུལ་ལས་འདས་པའི་རྡུང་རྡེག་ཧ་ཅང་མང་པོ་འཕྲད་པ་སྟེ། དཔེར་ན་ས་ཡོམ་དང་། གངས་རྡིབ་དང་གངས་རླུང་སོགས་བྱུང་ཡང་ཁོས་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས་ཤིང་། ཁོས“ ངས་སེམས་མ་ཕམ་པར་མུ་མཐུད་དུ་རྒྱུན་འཁྱོངས་བྱས་པ་ཡིན། ངས་ཇོ་མོ་གླང་མར་བཀའ་དྲིན་ཞུ་དགོས་ཏེ། ཁོས་ང་རང་ལོ་69ལ་སླེབས་པའི་ཐེངས་ལྔ་པར་རི་འཛེག་བྱེད་པའི་དུས་སུ་ང་རང་དང་ལེན་བྱས་སོང”ཞེས་བཤད།
ཞ་པོ་ཡུས( གཡོན་གྱི་གཉིས་པ) དང་། ལི་ཞའོ་ཕུང( གཡོན་གྱི་དང་པོ) ཏེ་ཡོལ་ཁེ་ཝེ་ཆི(གཡས་ཀྱི་གཉིས་པ) སོགས་ཀྱི་མཉམ་པར།
             1975 ལོར།  ཀྲུང་གོའི་རི་འཛེག་རུ་ཁག་གི་རུ་མི་ཡིན་པའི་ཞ་པོ་ཡུས་ཀྱིས་རི་བོ་ཇོ་མོ་གླང་མར་འཛེག་སྐབས་རྐང་པ་གཉིས་འཁྱགས་ཕྱིད་ཐེབས་ཏེ་གཅོད་དགོས་བྱུང་ཞིང་། དེའི་རྗེས་སུ་ཁོར་ཡང་ཁྲག་རེང་དང་སྐྲན་ནད་ཕོག་ཡོད་མོད། འོན་ཀྱང་ཞ་པོ་ཡུས་ཀྱིས་ཇོ་མོ་གླང་མར་འཛེག་པའི་ཕུགས་འདུན་དེ་ནམ་ཡང་དོར་མ་མྱོང་། 2014 ལོར། ཞ་པོ་ཡུས་ཐེངས་དང་པོར་ཇོ་མོ་གླང་མར་འཛེགས་ནས་ཕམ་ཁ་ཉོས་ཏེ་རྐང་པ་བཅད་པའི་ལོ་39ཡི་རྗེས་སུ།  ཁོ་རང་ཡང་བསྐྱར་ཇོ་མོ་གླང་མའི་སྒར་ས་ཆེན་པོར་འབྱོར་མོད། འོན་ཀྱང་དེའི་རྗེས་སུ་ནེ་པ་ལའི་རི་འཛེག་ལོ་རྒྱུས་སྟེང་གི་ཆེས་ཚབས་ཆེ་བའི་རི་སྐྱོན་བྱུང་སྟེ་མཇུག་མཐར་ནེ་པ་ལ་སྲིད་གཞུང་གིས་ལོ་དེའི་ཇོ་མོ་གླང་མར་འཛེགས་པའི་འཆར་གཞི་ཡོད་ཚད་མེད་པར་བྱས། ལོ་གཅིག་གི་རྗེས་སུ།  ཁོ་སླར་ཡང་མདུན་སྐྱོད་བྱས་ཏེ་ཇོ་མོ་གླང་མའི་སྒར་ས་ཆེན་མོར་སླེབས་ཀྱང་ས་ཡོམ་རིམ་པ་8.1ལ་ཐུག་པ་དང་། དེའི་རྗེས་སུ་ཡང་གངས་རྡིབ་བྱུང་སྟེ་ཞ་པོ་ཡུས་ཀྱི་ཇོ་མོ་གླང་མའི་ཕུགས་འདུན་ཡང་བསྐྱར་རྨེག་མེད་དུ་བཏང་། 2016ལོར། ཞ་པོ་ཡུས་ཀྱིས་ཇོ་མོ་གླང་མའི་རྩེ་མོར་འཛེགས་རྒྱུའི་ཚོད་ལྟ་ཐེངས་4པ་བྱས་ཤིང་། རི་རྩེ་དང་བར་ཐག་སྨི་94ཙམ་ལས་མེད་དུས་རླུང་ནག་འཚུབ་རྐྱེན་འུ་ཐུག་ནས་མི་བསྐྱུར་ག་མེད་བྱུང་། “ མཐོ་ཚད་སྨི་8750རུ་སླེབས་དུས་ང་རང་དགའ་སྤྲོ་ཆེན་པོ་བྱུང་ཞིང་། ཚོར་བ་ཞིག་ལ་ཆུ་ཚོད་གཅིག་གི་རྗེས་སུ་ངའི་ཚེ་འདིའི་རེ་བ་མངོན་འགྱུར་བྱེད་ཐུབ་སོང་སྙམ ”ཞེས་བཤད།
རི་མོ་འདི་ནི་ཞ་པོ་ཡུས་ཀྱིས་དབྱང་རླུང་ངོ་འབག་གྱོན་ནས་ཇོ་མོ་གླང་མར་འཛེག་པའི་རྣམ་པ་རེད། 
             2018ལོའི་ཟླ་5ཚེས་14ཉིན། ལོ་69ལ་སླེབས་པའི་ཞ་པོ་ཡུས་ཀྱིས་རྐང་ལག་བཅོས་མ་གྱོན་ནས་ཐེངས་ལྔ་པར་ཇོ་མོ་གླང་མར་འཛེགས་ནས་མཇུག་མཐར་བདེ་ལེགས་ངང་རི་རྩེར་འཛེགས་ཏེ་ལོ་43རིང་གི་ཕུགས་འདུན་མངོན་འགྱུར་བྱུང་བ་རེད། ཞ་པོ་ཡུས་ནི་2006ལོར་ཞིན་ཞི་ལན་གྱི་མི་མ་ཁེ• དབྱིན་ཀེ་ལི་སི་རི་རྩེར་འཛེགས་རྗེས་ཀྱི་ཇོ་རིར་འཛེགས་མཁན་ཉུང་ཤས་ཁྲོད་ཀྱི་རྐང་པ་གཉིས་པོ་བཅད་པའི་གྲས་ཀྱི་གཅིག་ཡིན་ཞིང་། ནེ་པ་ལའི་གཞོགས་གཅིག་ནས་བདེ་ལེགས་ངང་རི་རྩེར་འཛེགས་ཐུབ་མཁན་གྱི་རྐང་པ་བཅད་པའི་རི་འཛེགས་མཁན་ཨང་དང་པོ་དེའང་ཡིན། “ ངས་ཇོ་མོ་གླང་མ་དབང་དུ་བསྡུས་པ་མ་ཡིན་པར། ཇོ་མོ་གླང་མའི་ང་རང་དང་ལེན་བྱས་པ་རེད། མི་ནི་རང་བྱུང་ཁམས་ཀྱི་མདུན་དུ་ཧ་ཅང་གིས་ཆུང་ཞིང་། རང་བྱུང་ཁམས་ནི་ནམ་ཡང་དབང་འདུལ་བྱེད་མི་སྲིད་མོད། མིའི་ལས་དབང་ནི་དབང་དུ་བསྡུ་ཆོག་པ་རེད”ཅེས་ཞ་པོ་ཡུས་ཀྱིས་ཇོ་མོ་གླང་མར་འཛེག་རྗེས་དེ་ལྟར་བཤད།
ཞ་པོ་ཡུས་ཀྱིས་2018ལོའི་ཟླ་5པར་ཇོ་རིར་མ་འཛེགས་སྔོན་ལ་རྐང་ལག་བཅོས་མ་བརྗེ་བའི་རྣམ་པ་རེད། 
             ཞ་པོ་ཡུས་ཀྱིས་བཤད་རྒྱུར། ཇོ་མོ་གླང་མར་འཛེག་རྒྱུ་ནི་རང་ཉིད་ཀྱི་ཕུགས་བསམ་དང་དམིགས་ཚད་ཡིན་པ་དང་། ཁོས་ལོ་ངོ་བཅུ་ཕྲག་འགའི་རིང་ལ་འདིའི་ཆེད་དུ་འབད་འཐབ་བྱས་ཤིང་། དེའི་རིང་ལ་རྡུང་རྡེག་ཚད་མེད་ཐེབས་ཀྱང་ནམ་ཡང་དོར་མ་མྱོང་། རྒྱུན་འཁྱོངས་འདི་འདྲ་ཞིག་གིས་ཁོའི་འཚོ་བར་དོན་སྙིང་ལྡན་པ་དང་ཕུན་སུམ་ཚོགས་པོ་ཞིག་ཏུ་བཏང་བར་བཤད། ཁོས་བཤད་དོན་ཁོང་གིས“ 7 + 2 ” དེ་དམིགས་འབེན་གསར་བ་བྱས་ཏེ་གླིང་ཆེན་བདུན་གྱི་རི་བོ་མཐོ་ཤོས་དང་དེ་བཞིན་ལྷོ་སྣེ་དང་བྱང་སྣེར་འཛེག་རྒྱུ་ཡིན་ཞེས་བཤད།

རྩོམ་སྒྲིག་པ། སངས་སྐྱབས།