ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

བོད་ལྗོངས་སུ་སྙིགས་ཆུ་གཙང་སེལ་བཟོ་གྲྭ་46འཛུགས་མུས་ཡིན། ཡ་གླིང་གི་ཆུ་མཛོད་ལ་ཡང་བསྐྱར་སྲུང་སྐྱོབ་འཐོབ།

སྤེལ་དུས 2019-02-21 ཡོང་ཁུངས། ཀྲུང་གོའི་གསར་འགྱུར་དྲ་བ། རྩོམ་པ་པོ། འབྲུག་རྒྱལ་མཁར་གྱིས་བསྒྱུར།

             གསར་འགོད་པས་ཚེས་19ཉིན་བོད་རང་སྐྱོང་ལྗོངས་འཛུགས་སྐྲུན་ཐིང་ནས་ཤེས་རྟོགས་བྱུང་བར། བོད་ལྗོངས་སུ་འདི་ལོར་དུས་ཁག་དང་པོའི་བཙོག་ཆུ་གཙང་སེལ་རྣམ་གྲངས་ཁག་25སྐྲུན་འགོ་ཚུགས་ཟིན་པ་དང་། ད་ལྟ་རྣམ་གྲངས་49འཛུགས་སྐྲུན་བྱེད་བཞིན་པའི་སྒང་རེད།

             བོད་རང་སྐྱོང་ལྗོངས་སྡོད་ཁང་འཛུགས་སྐྲུན་ཐིང་གི་ཐིང་ཀྲང་བསོད་ནམས་ཉི་མས་བོད་ལྗོངས་ཀྱི་འབྱུང་ཁམས་ཉམས་ཞན་པོ་ཡོད་པས། གྲོང་ཤང་ཁོར་ཡུག་གི་རྨང་གཞིའི་སྒྲིག་བཀོད་ཀྱི་ཞན་ཆ་ཁ་གསབ་བྱེད་མགྱོགས་སུ་བཏང་བ་དང་དུས་མཚུངས། མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་རྒྱུར་སྐུལ་འདེད་གཏོང་བ་དང་། ཨེ་ཤ་ཡ་གླིང་གི་ཆུ་མཛོད་དུ་འབོད་པའི་ས་མཐོར་སྲུང་སྐྱོང་དེ་བས་ལེགས་པ་ཐུབ་རྒྱུའི་ངོས་འཛིན་གནང་གི་ཡོད་པ་རེད།

             དུས་ཁག་འདིའི་སྙིགས་ཆུ་གཙང་སེལ་བཟོ་གྲྭའི་ལས་གཞི་ལ་ཁྱོན་སྡོམ་མ་དངུལ་དམངས་སྒོར་དུང་ཕྱུར་6.3ཙམ་བཏང་ལ། རྫོང་ཁུལ་19དང་གྲོང་རྡལ་6ལ་ཁྱབ་ཡོད་པ་དང་། འཆར་གཞི་ལྟར་ན་ད་ལོའི་ཟླ་6ཟླ་མཇུག་ཏུ་འཛུགས་སྐྲུན་ཡོངས་སུ་ལེགས་འགྲུབ་ཐུབ་རྒྱུ་ཡིན་པ་རེད། 

             སྙིགས་ཆུ་གཙང་སེལ་བཟོ་གྲྭ་25དེ་གྲོང་ཁྱེར་དང་ས་ཁུལ་7ལ་བཀོད་སྒྲིག་བྱས་ཡོད་ཅིང་། དེའི་ཁྲོད་དུ་མཚོ་ངོས་ལས་མཐོ་ཚད་སྨི་4000ཡན་གཉིས་འདུས་ལ། འཛུགས་སྐྲུན་གྱི་ནང་དོན་ལ་བཙོག་ཆུའི་སྦུ་གུ་དང་། མི་བཟོས་འདམ་རྭ་སོགས་ཚུད་ཡོད། བསོད་ནམས་ཉི་མས་བཤད་རྒྱུར། ལས་གཞི་བསྐྲུན་ཚར་རྗེས་བེད་སྤྱད་པ་ཡིན་ན། བོད་ལྗོངས་ཀྱི་གྲོང་ཤང་གི་སྙིགས་ཆུ་གཙང་སེལ་རྗེས་ལུས་ཀྱི་རྣམ་པ་ལེགས་པར་བཅོས་ཐུབ་པ་དང་། གྲོང་ཤང་གི་སྙིགས་ཆུ་གཙང་སེལ་གྱི་ནུས་རྩལ་ཡང་མཐོ་རུ་འདེགས་ཐུབ།

             བསོད་ནམས་ཉི་མས་ད་དུང་མཐོ་སྒང་གི་རྫ་དུག་གནད་དོན་ལ་གཡོལ་བའི་སྟེང་ནས། སྙིགས་ཆུ་གཙང་སེལ་གྱི་བཟོ་རྩལ་ལ་མ་རྩ་དམའ་ཞིང་ཟད་གྲོན་ཉུང་ལ་སྲུང་སྐྱོང་སླ་བ་དང་ལས་ཕྱོད་མཐོ་བའི་སྙིགས་ཆུ་གཙང་སེལ་ལག་རྩལ་ལེགས་པར་སྤྱོད་རྒྱུ་ཡིན་ཞེས་བཤད།
             དཔྱད་གཞིའི་ཡིག་ཆ་ལྟར་ན། 2010ལོར་བོད་ལྗོངས་ཀྱི་སྙིགས་ཆུ་གཙང་སེལ་བཟོ་གྲྭ་ཐོག་མ་སྟེ་ཆབ་མདོ་གྲོང་ཁྱེར་གྱི་སྙིགས་ཆུ་གཙང་སེལ་བཟོ་གྲྭ་དངོས་དུ་བཀོལ་སྤྱོད་བྱས། ཀྲུང་གོ་དང་འཇར་མན་གཉིས་ཀྱིས་མཉམ་དུ་མ་རྩ་བཏང་བའི་བཟོ་གྲྭ་དེ་དངོས་སུ་བཀོལ་བ་དེས་མཚོ་ངོས་མཐོ་ཚད་མཐོན་པོའི་གནས་ཀྱི་སྙིགས་ཆུ་གཙང་སེལ་ལ་ཉམས་མྱོང་བཟང་པོ་མཁོ་འདོན་ཐུབ་པ་བྱུང་ཡོད། དེའི་ཕྱིར་བོད་ལྗོངས་ཀྱི་སྙིགས་ཆུ་གཙང་སེལ་བཟོ་གྲྭའི་ཁ་གྲངས་མུ་མཐུད་ནས་ཇེ་མང་དུ་སོང་ལ། མིག་སྔར་བསྐྲུན་ཟིན་པའི་སྙིགས་ཆུ་གཙང་སེལ་བཟོ་གྲྭ་16ཡོད་པ་དང་། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་མཇུག་བར་དུ་བོད་ལྗོངས་ཀྱི་རྫོང་ཁུལ་ཡོངས་ལ་ཁྱབ་པ་བྱ་རྒྱུ་ཡིན་པ་རེད། 

རྩོམ་སྒྲིག་པ། ཚེ་རིང་།