ལྷ་ཉིང་ལྕགས་ལམ་རྒྱུད་ཀྱི་འདྲུད་འཐེན་གློག་སྒྱུར་ཁང་གིས་སྒྲིག་ཆས་སྒྲིག་སྦྱོར་བྱེད་འགོ་ཚུགས་པ།
སྤེལ་དུས 2019-07-17
ཡོང་ཁུངས། མི་དམངས་ཉིན་ཚགས།
རྩོམ་པ་པོ།
འདི་ནི་ཟླ7ཚེས14ཉིན་བཟོ་པ་གཉིས་ཀྱིས་སྨན་གླིང220KVཡི་འདྲུད་འཐེན་གློག་སྒྱུར་ཁང་ནས་ཐོག་འགོག་མདའི་སྒྲིག་ཆས་སྒྲིག་སྦྱོར་བྱེད་བཞིན་པ།
ཚེས14ཉིན་བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་སྨན་གླིང་རྫོང་བཀྲ་ཤིས་རབ་བརྟན་ཤང་ལྷ་ཉིང་ལྕགས་ལམ་འཛུགས་སྐྲུན་བྱ་ཡུལ་དུ་ལྗིད་འདེགས་འཕྲུལ་ཆས་ཀྱི་སྐད་སྒྲ་དང་བསྟུན་ནས་ཏི་ཚ་བྱུགས་པའི་ངར་ལྕགས་གཉིས་ལས་གྲུབ་པའི་སྨི་32ཀྱི་ཐོག་འགོག་ལྕགས་མདའ་དལ་བུར་བཙུགས་ཤིང་། ལྷ་ཉིང་ལྕགས་ལམ་རྒྱུད་ཀྱི་འདྲུད་འཐེན་གློག་སྒྱུར་ཁང་གིས་ཐོག་འགོག་མདའ་ཐོག་མར་སྒྲིག་སྦྱོར་ལེགས་སྒྲུབ་བྱས་པ་དེ་ཐོག་ནས་ལྷ་ཉིང་ལྕགས་ལམ་འདྲུད་འཐེན་གློག་སྒྱུར་ཁང་གིས་སྒྲིག་ཆས་སྒྲིག་སྦྱོར་བྱེད་པའི་དུས་མཚམས་སུ་སླེབས་པ་མཚོན་གྱི་ཡོད།

གསར་འགོད་པར་ཤེས་རྟོགས་བྱུང་བར། ལྷ་ཉིང་ལྕགས་ལམ་བབས་ཚུགས་རྗེས་ཀྱི་གློག་བཞིའི་ལས་གྲྭའི་ནང་འབྲེལ་མཐུད་གློག་སྒྲོམ་ལས་གྲྭ་དང་། གློག་ཤུགས་ཆེད་ལས་ལས་གྲྭ གློག་སྒྱུར་ལས་གྲྭ ཁང་སྐྲུན་ལས་གྲྭ་སོགས་ཚུད་ཡོད་པ་དང་ཀྲུང་གོ་ལྕགས་ལམ་ཅུས་གློག་རླངས་ཅན་ཅུས་ཀྱིས་སྐྲུན་འགན་འཁུར་ཡོད། དེའི་ནང་འཕྲད་འབྲེལ་དྲ་སྒྲོམ་སྤྱི་ལེ540དང་། ཟུར་སྣོན་ཐིག་སྒྲོམ་སྤྱི་ལེ615 10KVཡི་གློག་སྡེབ་ཁང10 གློག་ཤུགས་འདྲུད་འཐེན་གློག་འདོན་ཁང་སྨི་ངོས་གྲུ13761བཅས་ཡོད། ལྷ་ཉིང་ལྕགས་ལམ་གློག་བཞིའི་ལས་གྲྭའི་ཐོག་མའི་ལས་གྲྭ་ཞིག་ཡིན་པའི་ངོས་ནས་སྨན་གླིང་འདྲུད་འཐེན་གློག་སྒྱུར་ཁང་གིས་གློག་ལམ་ཧྲིལ་པོ་གཅིག་གྱུར་གྱི་བཟོ་རྩལ་དང་བཟོ་ཐབས་ཡོང་རྒྱུར་དཔེ་སྟོན་གྱི་ནུས་པ་ཐོན་ཡོད།
ལྷ་ཉིང་ལྕགས་ལམ་གྱི་ལམ་ཐིག་ཧྲིལ་པོའི་རིང་ཚད་ལ་སྤྱི་ལེ435ཡོད་ཅིང་། ལམ་ཐིག་དེས་ཡར་ཀླུང་གཙང་པོ་ཐེངས16བརྒལ་སྒྲོལ་བྱས་ཡོད་པས་ས་གཤིས་ཆ་རྐྱེན་རྙོག་འཛིང་ཆེ་བ་དང་། ཟམ་ཕུག་བསྡུར་ཚད70%ཡན་ཟིན་པ། ཇུས་བཀོད་མྱུར་ཚད་ཆུ་ཚོད་རེར་སྤྱི་ལེ160ཟིན་པ། སྔོན་དཔག་བྱས་ན2021ལོར་བསྐྲུན་མཇུག་སྒྲིལ་ནས་མེ་འཁོར་ཤར་གཏོང་ཐུབ་རྒྱུ་རེད། །
རྩོམ་སྒྲིག་པ། རྡོ་རྗེ།