ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

ཞི་ཅིན་ཕིང་གིས་ནང་སོག་ཏུ་རྟོག་ཞིབ་གནང་བ།

སྤེལ་དུས 2019-07-17 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།

          ཞི་ཅིན་ཕིང་གིས་ནང་སོག་ཏུ་རྟོག་ཞིབ་གནང་བ་མ་ཟད་ཐོག་མའི་བསམ་འདུན་མི་བརྗེད་པ་དང་འགན་འཁྲི་སེམས་ལ་བརྟན་པོར་ངེས་ཞེས་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་བྱེད་སྒོར་མཛུབ་སྟོན་གནང་སྐབས་ཐོག་མའི་བསམ་འདུན་མི་བརྗེད་པ་དང་འགན་འཁྲི་སེམས་ལ་བརྟན་པོར་ངེས་ནས། མི་དམངས་ལྟེ་བར་འཛིན་པའི་གོང་འཕེལ་བསམ་བློ་ལག་བསྟར་བྱས་ཐོག་མེས་རྒྱལ་བྱང་རྒྱུད་མཐའ་མཚམས་ཀྱི་ཡུལ་ལྗོངས་དེ་བས་མཛེས་སྡུག་ལྡན་པ་ཞིག་ཏུ་བསྐྲུན་དགོས་ཞེས་ནན་སྟོན་གནང་བ།

          ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉེ་ཆར་ནང་སོག་ལ་རྟོག་ཞིབ་གནང་བ་མ་ཟད་ཐོག་མའི་བསམ་འདུན་མི་བརྗེད་པ་དང་འགན་འཁྲི་སེམས་ལ་བརྟན་པོར་ངེས་ཞེས་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་བྱེད་སྒོར་མཛུབ་སྟོན་གནང་སྐབས་ཐོག་མའི་བསམ་འདུན་མི་བརྗེད་པ་དང་འགན་འཁྲི་སེམས་ལ་བརྟན་པོར་ངེས་པ། མི་དམངས་ལྟེ་བར་འཛིན་པའི་གོང་འཕེལ་བསམ་བློ་ལག་བསྟར་བྱེད་པ། གོང་འཕེལ་འདུ་ཤེས་གསར་པ་དོན་འཁྱོལ་བྱེད་པ། ཡོང་འབབ་བརྟན་འཕར་དང་། བསྒྱུར་བཅོས་ལ་སྐུལ་འདེད། གྲུབ་གཞི་ལེགས་སྒྲིག དམངས་འཚོར་ཕན་འདོགས་པ། ཉེན་ཁ་འགོག་པ། བརྟན་ལྷིང་སྲུང་སྐྱོང་བཅས་ཀྱི་ལས་དོན་ཁག་ཡག་པོ་སྒྲུབ་པ། མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་ཚོར་དང་། བདེ་སྐྱིད་ཚོར་སྣང་། བདེ་འཇགས་ཚོར་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་བ་བཅས་བྱས་ནས། མེས་རྒྱལ་བྱང་རྒྱུད་མཐའ་མཚམས་ཀྱི་ཡུལ་ལྗོངས་དེ་བས་མཛེས་སྡུག་ལྡན་པ་ཞིག་ཏུ་བསྐྲུན་དགོས་ཞེས་ནན་སྟོན་གནང་ཡོད།
          དབྱར་གཞུང་གི་ནང་སོག་ནི་དགུང་སྔོན་དབྱིངས་སུ་སྤྲིན་དཀར་ལང་ལིང་དུ་གཡོ་བ་དང་། རྩྭ་ཆུ་ལེགས་འཛོམས་ཀྱི་ནམ་དུས་ཡིན་པ་རེད། སྤྱི་ཟླ་7པའི་ཚེས་15ཉིན་ནས་ཚེས་16ཉིན་བར། ཞི་ཅིན་ཕིང་གིས་ནང་སོག་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ལི་ཅི་ཧེང་དང་། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཀྲུའུ་ཞི་པུའུ་ཞའོ་ལིན་རྣམ་གཉིས་ཀྱི་ཕེབས་རོགས་འོག་གྲོང་སྡེའི་ཁུལ་དང་། ནགས་ར། གྲོང་གསེབ། མཐོ་རིམ་སློབ་གྲྭ། ལས་ཁུངས་སྡེ་ཚན་བཅས་སུ་ཕེབས་ནས། དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་དང་། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ཐད་རྟོག་ཞིབ་གནང་བ་དང་། ས་གནས་དངོས་སུ་ཕེབས་ནས་ཐོག་མའི་བསམ་འདུན་མི་བརྗེད་པ་དང་འགན་འཁྲི་སེམས་ལ་བརྟན་པོར་ངེས་ཞེས་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་བྱེད་སྒོར་མཛུབ་སྟོན་གནང་ཡོད།

          སྤྱི་ཚེས་15ཉིན་གྱི་སྔ་དྲོ། ཞི་ཅིན་ཕིང་པེ་ཅིང་ནས་གནམ་གྲུར་བཞུགས་ཏེ་ནང་སོག་ཁྲེ་ཧྥེང་དུ་ཕེབས་འབྱོར་བྱུང་བ་དང་། དང་ཐོག་མར་སུང་ཧྲན་ཁུལ་ཤིན་ཨན་ཁྲོམ་གཞུང་གི་ལིན་ཧན་ཁྱིམ་གཞིས་སྡེ་ཁུལ་དུ་རྟོག་ཞིབ་གནང་བར་ཕེབས་ཡོད། ལིན་ཧན་ཁྱིམ་གཞིས་སྡེ་ཁུལ་ནི་མི་རིགས་མང་པོའི་མང་ཚོགས་རུབ་སྡོད་བྱ་ཁུལ་གྱི་སྡེ་ཁུལ་ཞིག་ཡིན་ཞིང་། ཉེ་བའི་ལོ་ཤས་ནང་གྲངས་ཉུང་མི་རིགས་ཀྱི་ཁྱིམ་ཚང་ཞེས་པའི་ཁྱད་ལྡན་ཞབས་ཞུའི་ཕྱོགས་བསྡུས་སྒྲིག་འཛུགས་ཐོག་མར་འཛུགས་མཁན་ཡིན་པ་རེད། ཞི་ཅིན་ཕིང་སྡེ་ཁུལ་གྱི་ཏང་དང་མང་ཚོགས་ཞབས་ཞུ་ལྟེ་གནས་སུ་ཕེབས་ནས། སྡེ་ཁུལ་གྱི་གཞི་རིམ་ཏང་འཛུགས་དང་། མི་རིགས་མཐུན་སྒྲིལ་མཉམ་འདྲེས་སོགས་ཀྱི་གནས་ཚུལ་བཀའ་འདྲི་གནང་བ་དང་། གྲངས་ཉུང་མི་རིགས་ཀྱི་གྱོན་ཆས་དང་། སྤྱོད་ཆས་འགྲེམ་སྟོན་ལ་གཟིགས་པ། ཕྲུ་གུ་རྣམས་དང་སྡེ་ཁུལ་གྱི་གྲོང་མི་རྣམས་དང་བྱམས་བརྩེའི་བཀའ་མོལ་གནང་ཡོད། ཞི་ཅིན་ཕིང་གིས། སྡེ་ཁུལ་ནི་མི་རིགས་ཁག་གི་མང་ཚོགས་ཀྱི་ཐུན་མོང་གི་ཁྱིམ་གཞིས་ཡིན་པ་དང་། མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ་བ་ཡིན། མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་གཏོད་སྡེ་ཁུལ་དུ་འགྱུར་རྒྱུར་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། སྡེ་ཁུལ་དེ་མི་རིགས་ཁག་གི་མང་ཚོགས་ཕན་ཚུན་ལྟ་སྐྱོང་བྱེད་སའི་ཁྱིམ་ཚང་ཆེན་མོར་འགྱུར་བ་བྱས་ནས། མི་རིགས་ཁག་གི་མང་ཚོགས་ནས་བདེ་སྡོད་ལས་སྐྲུན་བྱེད་རྒྱུར་སྡེ་ཁུལ་གྱི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་དགོས་ཞེས་ནན་སྟོན་གནང་ཡོད།

          ཝུའུ་ལན་མུའུ་ཆི་སྒྱུ་རྩལ་རུ་ཁག་གི་འཁྲབ་སྦྱོང་ཚོམས་ཆེན་དུ་དགའ་སྤྲོའི་དགོད་སྒྲ་དང་རོལ་ཆའི་སྒྲ་དབྱངས་ཀྱིས་ཁེངས་ཡོད་ཅིང་། སྡེ་ཁུལ་གྱི་མང་ཚོགས་ཀྱིས་ཝུའུ་ལན་མུའུ་ཆི་སྒྱུ་རྩལ་རུ་མིའི་མཛུབ་སྟོན་འོག་གླུ་ལེན་གར་འཁྲབ་བྱེད་བཞིན་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཕེབས་པ་མཐོང་སྐབས་ཚང་མ་དགའ་སྤྲོ་ཆེན་པོས་སྐུ་འགྲམ་དུ་བཅར་བ་དང་མཇལ་དར་ཕུལ་ཡོད། སྡེ་ཁུལ་མང་ཚོགས་ཀྱིས་ངོ་མཚར་ཆེ་བའི་མི་རིགས་ཀྱི་གླུ་གར་འཁྲབ་སྟོན་ཞུས་ནས། མི་རིགས་ཁག་གི་མང་ཚོགས་ཀྱིས་ཏང་དང་མེས་རྒྱལ་ལ་དགའ་ཞེན་བྱེད་པ་དང་། བདེ་སྐྱིད་འཚོ་བར་བསྟོད་གླུ་ལེན་པའི་སེམས་པ་མཚོན་པར་བྱས་ཡོད། ཞི་ཅིན་ཕིང་གིས། ཝུའུ་ལན་མུའུ་ཆི་སྒྱུ་རྩལ་རུ་ཁག་མང་ཚོགས་དང་འབྲེལ་འདྲིས་ཆེ་ཞིང་། མང་ཚོགས་ཀྱིས་ལྟ་འདོད་མཐོང་འདོད་བྱེད་ཀྱི་ཡོད་པས་ཇི་སྲིད 200་བར་དུས་ཡོལ་སྲིད་ཀྱི་མ་རེད། དུས་རབས་གསར་པར་བསམ་པའི་དཔལ་ཡོན་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པར་རིག་རྩལ་གྱིས་མི་དམངས་ལ་ཞབས་འདེགས་ཞུ་རྒྱུ་དང་། སྤྱི་ཚོགས་རིང་ལུགས་ལ་ཞབས་འདེགས་ཞུ་བའི་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ནས། ཐད་ཀར་གཞི་རིམ་གྱི་མང་ཚོགས་ལ་ཞབས་འདེགས་ཞུ་བའི་རིག་རྩལ་བྱེད་སྒོར་རྒྱབ་སྐྱོར་བྱེད་པ་དང་ཁྱབ་གདལ་ཧུར་ཐག་གཏོང་དགོས་ཞེས་བསྟན་གནང་ཡོད།

          ཞི་ཅིན་ཕིང་གིས། ཝུའུ་ལན་མུའུ་ཆི་སྒྱུ་རྩལ་རུ་ཁག་གི་རྣམ་པ་འདི་རིགས་ནི་དངོས་གནས་མི་དམངས་ལ་ཞབས་འདེགས་ཞུ་མཁན་དང་། གཞི་རིམ་ལ་ཞབས་འདེགས་ཞུ་མཁན་གྱི་རིག་རྩལ་རྣམ་པ་ཡིན། དེ་ནི་རང་རེའི་ཏང་དང་སྲིད་གཞུང་གིས་དར་སྤེལ་གཏོང་བ་དང་། རྒྱབ་སྐྱོར་དང་ཟུར་སྐྱོར་བྱེད་པ་ཞིག་ཡིན་པས། ངེས་པར་དུ་ཡོད་དགོས་པ་མ་ཟད་ད་དུང་ཁྱབ་གདལ་གཏོང་དགོས། རྣམ་པ་དེ་རིགས་དངོས་གནས་མང་ཚོགས་དང་འབྲེལ་འདྲིས་ཆེན་པོ་ཡོད་པ་དང་། མང་ཚོགས་ཀྱིས་མཐོང་འདོད་ལྟ་འདོད་བྱེད་པ་ཞིག་ཡིན། དེས་མ་ཟད་ད་དུང་དེའི་ནང་ང་ཚོའི་སྲོལ་རྒྱུན་གྱི་ཕུལ་བྱུང་རིག་གནས་མང་པོ་ཞིག་རྒྱུན་འཛིན་ཐུབ་ཡོད། ཁྱེད་ཚོར་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན་ཞེས་གསུངས་ཡོད།
          ཁྲེ་ཧྥེང་ནི་ལོ་རྒྱུས་ཡུན་རིང་ལྡན་པ་དང་། རིག་གནས་ནང་དོན་གཏིང་ཟབ་པའི་ས་གནས་ཤིག་ཡིན། ཉིན་གུང་སླེབས་ལ་ཉེ་བའི་སྐབས་སུ། ཞི་ཅིན་ཕིང་ཁྲེ་ཧྥེང་དངོས་མང་བཤམས་སྟོན་ཁང་དུ་ཕེབས་ནས། ཧུང་ཧྲན་རིག་གནས་སོགས་ཡི་གེ་མ་བྱུང་གོང་གི་རིག་གནས་ལོ་རྒྱུས་སྔོག་འདོན་སྲུང་སྐྱོབ་གནས་ཚུལ་དང་ཆི་ཏན་ལེའོ་ཡི་རིག་གནས། སོག་རིགས་རིག་གནས་སོགས་ལོ་རྒྱུས་འཕོ་འགྱུར་མཁྱེན་རྟོགས་གནང་ཡོད། དངོས་མང་གཤམ་སྟོན་ཁང་གི་ཐོག་ས་གཉིས་པར་ཞི་ཅིན་ཕིང་གིས་གནའ་རབས་ཀྱི་མི་རིགས་ལོ་རྒྱུས་སྙན་ངག་གེ་སར་སྒྲུང་འཆད་གྱེར་འཁྲབ་སྟོན་ལ་གཟིགས་པ་མ་ཟད་གེ་སར་སྒྲུང་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུད་འཛིན་པ་དང་བྱམས་བརྩེའི་བཀའ་མོལ་གནང་ཡོད།

          ཞི་ཅིན་ཕིང་གིས། ཧ་ཅང་དགའ་པོ་བྱུང་། དེ་རིང་ཁྱེད་རང་ཚོ་དང་ཐུག་པ་མ་ཟད་ཁྱེད་ཚོའི་འཆད་གྱེར་ཡང་ཐོས་སོང་། དངོས་གནས་ངོ་མཚར་ཆེན་པོ་འདུག ལོ་རྒྱུས་རིག་གནས་ཀྱི་སྒྲ་ཐོས་པའི་མྱོང་ཚོར་བྱུང་། ང་ཚོ་ནི་ལོ་རྒྱུས་ཡུན་རིང་ལྡན་པའི་ཀྲུང་ཧྭ་མི་རིགས་ཡིན་པ་མ་ཟད་ང་ཚོས་ང་ཚོ་ནི་ལོ་རྒྱུས་རྒྱུན་མ་ཆད་པའི་མི་རིགས་ཡིན་ཞེས་སྤོབས་པ་ཆེན་པོའི་ངང་བརྗོད་ཆོག ད་ལྟ་ང་ཚོར་མི་རིགས་56ཡོད་པས། ང་ཚོས་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་བྱེད་པའི་ཐད་ང་ཚོས་གྲངས་ཉུང་མི་རིགས་ཀྱི་རིག་གནས་ཤུལ་བཞག་ལ་དོ་སྣང་ཆེན་པོ་བྱེད་དགོས་ཤིང་། དེ་སྲུང་སྐྱོང་དང་རྒྱུད་འཛིན་ཡག་པོ་བྱེད་དགོས། ང་རང་དེ་རིང་ཁྱེད་ཚོར་ལྟ་བར་ཡོང་བ་ནི་ཏང་ཀྲུང་དབྱང་གིས་མངོན་མིན་རིག་གནས་ཤུལ་བཞག་ལ་རྒྱབ་སྐྱོར་དང་ཟུར་སྐྱོར་བྱེད་པ་གསལ་སྟོན་བྱེད་པ་ཞིག་ཡིན་ཞེས་གསུངས་ཡོད།
          ཞི་ཅིན་ཕིང་གིས། རང་རྒྱལ་ནི་གཅིག་གྱུར་གྱི་མི་རིགས་མང་བའི་རྒྱལ་ཁབ་ཅིག་ཡིན་པ་དང་། ཀྲུང་ཧྭ་མི་རིགས་ནི་མི་རིགས་མང་པོ་ཟམ་མི་ཆད་པར་སྤེལ་རེས། འགྲོ་འོང་། མཉམ་འདྲེས་བཅས་ལས་གྲུབ་པ་ཞིག་རེད། ཀྲུང་ཧྭ་མི་རིགས་མཐུན་ཡང་ཁྱད་ཆོས་མི་འདྲ་བའི་མི་རིགས་མང་པོའི་རིག་གནས་ཀྱི་གཤིན་སར་རྩ་བ་ཚུགས་པ་དང་། ལོ་རྒྱུས་ཡུན་རིང་ལྡན་ཞིང་། འཛམ་གླིང་ཐོག་རྒྱུན་ཆད་མེད་པ་དང་། ད་ལྟའི་བར་གོང་འཕེལ་ཕྱིན་པའི་ཤེས་དཔལ་ཉག་ཅིག་དེ་ཡིན། གྲངས་ཉུང་མི་རིགས་ཀྱི་རིག་གནས་སྲུང་སྐྱོབ་དང་རྒྱུད་འཛིན་ཐད་མཐོང་ཆེན་བྱ་དགོས། གེ་སར་སྒྲུང་སོགས་མངོན་མིན་རིག་གནས་ཤུལ་བཞག་ལ་རྒྱབ་སྐྱོར་དང་ཟུར་སྐྱོར་བྱས་ནས། རྒྱུད་འཛིན་པ་གསོ་སྐྱོང་ཡག་པོ་བྱས་ཏེ། མི་རབས་ནས་མི་རབས་བར་རྒྱུན་མཐུད་ཐུབ་པ་བྱ་དགོས། མི་རྣམས་ནས་ལོ་རྒྱུས་ལྟ་ཚུལ་དང་། རྒྱལ་ཁབ་ཀྱི་ལྟ་ཚུལ། མི་རིགས་ཀྱི་ལྟ་ཚུལ། རིག་གནས་ཀྱི་ལྟ་ཚུལ་བཅས་ཡང་དག་པ་འཛུགས་རྒྱུར་ཁྲིད་སྟོན་གྱིས་མི་རིགས་ཁག་གིས་རླབས་ཆེའི་མེས་རྒྱལ་ལ་འཛིན་པའི་ངོས་འཛིན་གཅིག་མཐུན་དང་། ཀྲུང་ཧྭ་མི་རིགས་ལ་འཛིན་པའི་ངོས་འཛིན་གཅིག་མཐུན། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་བུར་འཛིན་པའི་ངོས་འཛིན་གཅིག་མཐུན་བཅས་ཟམ་མི་ཆད་པར་སྲ་བརྟན་དུ་གཏོང་དགོས་ཞེས་བསྟན་འདུག

          ཞི་ཅིན་ཕིང་ནས་ནང་སོག་གི་འབྱུང་ཁམས་ཁོར་ཡུག་སྲུང་སྐྱོབ་ཐད་ཐུགས་ཁུར་ཆེན་པོ་གནང་གི་ཡོད། སྤྱི་ཚེས15ཉིན་གྱི་ཕྱི་དྲོ། ཁོང་ཁྲེ་ཧྥེང་གྲོང་ཁྱེར་ཁ་ལ་ཆིན་ཇིའི་མ་ཨན་ཧྲན་ནགས་རར་ཕེབས་ནས། ས་གནས་དེ་གའི་འབྱུང་ཁམས་ཤེས་དཔལ་འཛུགས་སྐྱོང་དང་མ་ཨན་ཧྲན་ནགས་རའི་ནགས་བཟོ་ནགས་སྲུང་གི་གནས་ཚུལ་སྙན་སེང་ཞུས་པར་གསན་ཡོད་པ་རེད། ཚ་བ་ཆེ་བར་ཐུགས་འཛེམས་མ་གནང་བར། ཀྱག་ཀྱོག་གི་ནགས་སྲུང་ལམ་བུ་བརྒྱུད། ཞི་ཅིན་ཕིང་ནགས་རར་ཕེབས་ནས་ཤིང་ནགས་ཀྱི་སྐྱེ་འཚར་ལ་གཟིགས་ཞིབ་གནང་བ་དང་། དེ་གར་ལས་ཀ་བྱེད་བཞིན་པའི་ནགས་སྲུང་བ་དང་བཀའ་མོལ་གནང་ཞིང་། ཁོ་ཚོའི་ལས་ཀ་དང་། འཚོ་བ། ཁྱིམ་ཚང་བཅས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་བ་རེད།
          ཚང་མས་སྤྱི་ཁྱབ་ཧྲུའུ་ཅིར། ཉེ་བའི་ལོ་ཤས་ནང་ནགས་ཚལ་གྱི་རྒྱ་ཁྱོན་ལོ་རེ་བཞིན་རྒྱ་ཆེ་རུ་འགྲོ་བ་དང་། གཅན་གཟན་རི་དྭགས་མང་དུ་འགྲོ་བ། འབྱུང་ཁམས་ཁོར་ཡུག་ཡག་ཏུ་འགྲོ་བ། ཕན་འབྲས་ཀྱང་ཆེ་རུ་འགྲོ་བ། དེ་བས་ཀྱང་རི་ལྗང་ཆུ་གཙང་ནི་གསེར་རི་དངུལ་རི་ཡིན་པར་ངོས་འཛིན་སྔར་བས་ཟབ་ཏུ་འགྲོ་བ་བཅས་ཀྱི་སྐོར་ཞུས་པས། ཞི་ཅིན་ཕིང་གིས་གསན་རྗེས་ཐུགས་དགྱེས་ཚོར་ཆེན་པོ་གནང་ཡོད།

          ཞི་ཅིན་ཕིང་གིས། ནགས་སྲུང་པ་ནི་གལ་ཧ་ཅང་ཆེན་པོ་རེད། ང་ཚོས་ཤིང་འཛུགས་པ་ནི་ལས་སླ་པོ་ཞིག་གཏན་ནས་མིན། བྱང་ཕྱོགས་དང་རྒྱལ་སའི་མཐའ་འཁོར་གྱི་འབྱུང་ཁམས་བདེ་འཇགས་ཀྱི་སྲུང་ར་བསྐྲུན་རྒྱུ་ནི་འཐབ་ཇུས་རང་བཞིན་གྱི་ལས་དོན་ཞིག་ཡིན་པས། ང་ཚོས་མི་རབས་ནས་མི་རབས་བར་བརྒྱུད་ནས་ལེགས་པར་བསྒྲུབ་དགོས་པའི་ལས་དོན་ཞིག་ཡིན་ཞེས་གསུངས་འདུག
          ཞི་ཅིན་ཕིང་གིས། ཀྲུང་གོ་ནི་འཛམ་གླིང་ཐོག་མི་བཟོས་ནགས་ཚལ་ཐད་ལེགས་སྐྱེས་ཆེ་ཤོས་འབུལ་མཁན་རྒྱལ་ཁབ་ཅིག་ཡིན། ས་རྒྱ་ཆེན་པོ་འདི་ལྟ་བུར་མི་ཐབས་ནགས་ཚལ་སྐྲུན་པ་ནི། ང་ཚོའི་སྤྱི་ཚོགས་རིང་ལུགས་ལམ་ལུགས་འོག་གཞི་ནས་སྒྲུབ་ཐུབ་པ་ཞིག་རེད། མེས་རྒྱལ་བྱང་ཕྱོགས་ཀྱི་འབྱུང་ཁམས་བདེ་འཇགས་ཀྱི་སྲུང་ར་བརྟན་པོ་སྐྲུན་ནས། རྩྭ་ལྗང་ཁུ་དང་། གནམ་སྔོན་མོ། ཆུ་གཙང་མ་བཅས་ལ་སྲུང་སྐྱོབ་ཡག་པོ་བྱེད་པ་དང་། བློ་བརྟན་འགྱུར་མེད་ཀྱིས་འབྱུང་ཁམས་སྔོན་འཇོག་དང་། སྦགས་མེད་གོང་འཕེལ་ལམ་བུར་བསྐྱོད་པ། མི་རབས་ནས་མི་རབས་བར་ཟམ་མི་ཆད་པར་སྒྲུབ་པ་བཅས་བྱས་ནས། རི་ལྗང་རྟག་ཏུ་གནས་པ་དང་། ཆུ་གཙང་རྒྱུན་དུ་བཞུར་བ། མཁའ་རླུང་ནམ་ཡང་གཙང་བ་བཅས་ཀྱི་མཛེས་པའི་ཀྲུང་གོ་བསྐྲུན་དགོས་ཞེས་ནན་སྟོན་གནང་འདུག

          དེ་རྗེས། ཞི་ཅིན་ཕིང་རླངས་འཁོར་ནང་བཞུགས་ནས་ཧོ་ནན་སྲང་ལམ་གྱི་མ་ཨན་ཧྲན་གྲོང་ཚོར་ཕེབས་ཡོད། གྲོང་ཚོ་དེས་འབྱུང་ཁམས་ལ་བརྟེན་ནས་གྲོང་ཚོ་སྐྱོང་བ་དང་། ཐོན་ལས་ལ་བརྟེན་ནས་གྲོང་ཚོ་ཕྱུག་པོ་བཟོ་བ། ཡུལ་སྐོར་ལ་བརྟེན་ནས་གྲོང་ཚོ་སྟོབས་ཆེར་གཏོང་བ་བཅས་རྒྱུན་འཁྱོངས་བྱས་ཏེ། ཚལ་ཐོའི་རྣམ་པའི་དབུལ་སྐྱོར་དང་སྟོབས་ཆེར་གཏོང་བར་ཟུར་སྐྱོར་དང་དབུལ་ཕོངས་ལ་ཁྲིད་སྟོན་བྱེད་པའི་མ་དཔེ་བཀོལ་སྤྱོད་བྱས་ཏེ། ཐོན་ལས་དབུལ་སྐྱོར་ཁྱོན་ཡོངས་ལ་ཁེབས་པ་བྱས་ཡོད། མ་ཨན་ཧྲན་གྲོང་ཚོའི་ཏང་ཡོན་དང་མང་ཚོགས་ཞབས་ཞུའི་ལྟེ་གནས་སུ། ཞི་ཅིན་ཕིང་གིས་གྲོང་ཚོ་ཡོངས་ཀྱི་གནས་ཚུལ་ངོ་སྤྲོད་གསན་ཡོད་པ་རེད། གྲོང་ཚོར་བཅའ་སྡོད་ལས་བྱེད་པའི་ཁྱིམ་དང་གཅེས་སེམས་སྒོ་རྩིས་ཚོང་ཁང་དུ། སྤྱི་ཁྱབ་ཧྲུའུ་ཅིས་གྲོང་ཚོའི་དོ་དམ་གོ་རིམ་ལྡན་པ་དང་། གྲོང་མིའི་འཚོ་བ་བདེ་སྐྱིད་ལྡན་པ་གཟིགས་སྐབས་ཐུགས་དགྱེས་ཚོར་ཆེན་པོ་བྱུང་ཡོད། ཞི་ཅིན་ཕིང་གིས། ཐོན་ལས་ནི་གོང་འཕེལ་གྱི་རྨང་གཞི་ཡིན། ཐོན་ལས་དར་འཕེལ་བྱུང་ན། གྲོང་མི་རྣམས་ཀྱི་ཡོང་འབབ་གཞི་ནས་བརྟན་པོའི་ངང་འཕར་སྣོན་ཡོང་ཐུབ། ཡུལ་བབ་དང་བསྟུན་པ་དང་གྲོང་ཚོར་གཞིགས་ནས་ཐབས་ཇུས་འདོན་རྒྱུ་རྒྱུན་འཁྱོངས་བྱེད་དགོས་པ་དང་། ས་ཞིང་འདེབས་རྒྱུར་འཚམས་ན་ས་ཞིང་འདེབས་པ་དང་། གསོ་ཚགས་བྱ་རྒྱུར་འཚམས་ན་གསོ་ཚགས་བྱེད་པ། ནགས་ལས་བྱ་རྒྱུར་འཚམས་ན་ནགས་ལས་བྱེད་པ་བཅས་བྱས་ནས། ཐོན་ལས་གོང་འཕེལ་གཏོང་རྒྱུ་དེ་ཞིང་པའི་ཡོང་འབབ་འཕར་སྣོན་ལ་སྐུལ་འདེད་གཏོང་རྒྱུའི་ཐད་འཇོག་དགོས། གྲོང་གསེབ་ཀྱི་གཞི་རིམ་ཏང་ཀྲི་པུའུ་འཛུགས་པ་དང་སྟོབས་ཆེར་གཏོང་བ་དང་། ཤང་གྲོང་དང་གྲོང་ཚོས་ཞིང་པ་དང་ཞིང་ལས་ལ་ཞབས་ཞུ་སྒྲུབ་པའི་ནུས་པ་མཐོ་རུ་གཏོང་དགོས་ཞེས་བསྟན་ཡོད་པ་རེད།
          མ་ཨན་ཧྲན་གྲོང་ཚོར་རྒྱ་རིགས་དང་། སོག་རིགས། མན་ཇུ་རིགས་སོགས་མི་རིགས་མང་པོའི་མང་ཚོགས་འདུས་སྡོད་བྱས་ཡོད། ཞི་ཅིན་ཕིང་མི་རབས་བཞི་ཡོད་པའི་མི་རིགས་མང་པོའི་ཁྱིམ་ཚང་ཞེས་པའི་གྲོང་མི་ཀྲང་གོ་ལི་ཡི་ཁྱིམ་དུ་ཕེབས་ཡོད། སྒོ་རའི་ནང་བྱ་བྱེའུ་ཡི་སྐད་སྒྲ་སྙན་པ་དང་། སོ་ཕག་གི་ཁང་པ་གཙང་ཞིང་དཀར་ཆ་དོད་པ་ཞིག་ཡོད། ཀྲང་གོ་ལི་ཡི་ཨ་མ་ད་ལོ་དགུང་ལོ་86ལ་སོན་ཞིང་། གྲུང་ཤ་དོད་པོ་ཡོད། སྤྱི་ཁྱབ་ཧྲུའུ་ཅིས་ཁོང་གི་ཕྱག་ནས་བཟུང་སྟེ། ཁོང་ལ་བྱམས་བརྩེའི་འཚམས་འདྲི་གནང་བ་དང་། ཞི་ཅིན་ཕིང་གིས་སྒོ་ར་དང་སྐུ་མགྲོན་ཁང་། ཉལ་ཁང་། ཐབ་ཚང་། གསང་སྤྱོད་སོགས་ཀྱི་གནས་ཚུལ་རྟོག་ཞིབ་གནང་ཡོད། ཞི་ཅིན་ཕིང་གིས། ཤང་གྲོང་དར་རྒྱས་བྱུང་བ་དང་། ཁོར་ཡུག་ཡག་ཏུ་ཕྱིན་པ། ཤང་གྲོང་གི་འཚོ་བ་ཡང་ཇེ་ལེགས་སུ་ཕྱིན་ཡོད། གྲོང་གསེབ་ཀྱི་སྤྱི་པའི་རྨང་གཞིའི་སྒྲིག་བཀོད་མུ་མཐུད་འཐུས་སྒོ་ཚང་དུ་གཏོང་བ་དང་། གྲོང་གསེབ་ཀྱི་མི་འཚོ་སྡོད་ཁོར་ཡུག་ལེགས་བཅོས་གཏོང་བ། གཙོ་གནད་ཐོག་གད་སྙིགས་དང་བཙོག་ཆུ་བཅོས་སྐྱོང་དང་། གསང་སྤྱོད་གསར་བརྗེ། གྲོང་ཚོའི་རྣམ་པ་ལེགས་སུ་གཏོང་བ་བཅས་ཡག་པོ་བྱས་ནས། ཤང་གྲོང་འཛུགས་སྐྲུན་དེ་བས་མཛེས་སྡུག་ལྡན་པ་ཡོང་བ་བྱེད་དགོས་ཞེས་གསུངས་ཡོད་པ་རེད།

          ཁྲེ་ཧྥེང་གྲོང་ཁྱེར་ནས་ཡོང་བའི་ལས་བྱེད་པ་དང་མང་ཚོགས་ཀྱི་འཐུས་མི་བཅུ་ཡང་ཞིང་ཁྱིམ་སྒོ་རའི་ནང་ཡོང་བ་དང་། སྤྱི་ཁྱབ་ཧྲུའུ་ཅིས་ཁོང་ཚོ་དང་བཞུགས་མོལ་སྤེལ་རེས་གནང་ཡོད་པ་རེད། སུང་ཧྲན་ཁུལ་ཏ་མེའོ་གྲོང་རྡལ་ཞའོ་མེའོ་ཙེ་གྲོང་ཚོའི་ཏང་ཀྲི་པུའུ་ཡི་ཧྲུའུ་ཅི་ཀྲའོ་ཧུའེ་ཅེས་ན་ནིང་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་རིང་སྤྱི་ཁྱབ་ཧྲུའུ་ཅིས་ཁོང་ཚོའི་གྲོང་ཚོར་གཟིགས་པར་ཕེབས་རྒྱུར་གདན་འདྲེན་ཞུས་ཡོད། ད་ཐེངས་སྤྱི་ཁྱབ་ཧྲུའུ་ཅིས་ཆེད་མངག་ཁོང་མ་ཨན་ཧྲན་གྲོང་ཚོར་གདན་འདྲེན་ཞུས་ཡོད། ཞི་ཅིན་ཕིང་གིས་དགྱེས་ཚོར་ཆེན་པོའི་ངང་ཁོང་ལ། ཁྱེད་ཀྱིས་གདན་ཞུ་གནང་བ་ངས་སེམས་ལ་ངེས་ནས་དེ་རིང་འདི་གར་ས་ཆ་དངོས་སུ་གྲོང་མི་རྣམས་ཀྱི་ཐོན་སྐྱེད་འཚོ་བའི་གནས་ཚུལ་ལ་ལྟ་བར་ཡོང་བ་ཡིན་ཞེས་གསུངས་ཡོད། ཚང་མས་ཚ་ཚ་འུར་འུར་ངང་གཏམ་བཤད་སྤེལ་ནས། སྤྱི་ཁྱབ་ཧྲུའུ་ཅིར་རང་གྲོང་ཚོའི་ནང་ཐོན་པའི་འགྱུར་བ་གསར་པ་འཚང་ཁ་ཤིག་ཤིག་གིས་སྙན་སེང་ཞུས་ཡོད་པ་རེད།
          ཞི་ཅིན་ཕིང་གིས། ད་ལོ་ནི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་བའི་ལོ་ཡིན། ཁྱེད་ཚོའི་འདི་གར་གྲོང་གསེབ་ཀྱི་གོང་འཕེལ་དང་འགྱུར་ལྡོག་ལ་ལྟ་བར་ཡོང་བ་ཡིན། ལོ་ངོ་70རིང་འགྱུར་ལྡོག་ཆེན་པོ་འདི་ལྟ་བུ་བྱུང་བ་འདིའི་ཐོག་ནས་ང་ཚོས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་འགྲོ་ལམ་ཐོག་བསྐྱོད་པ་དེ་ཡང་དག་པ་ཡིན་པ་གསལ་བཤད་ཐུབ་ཡོད། མང་ཚོགས་ཀྱི་འཚོ་བ་ནི་ཏིལ་འབྲུར་མེ་ཏོག་བཞད་པ་ཇི་བཞིན་རིམ་པས་མཐོ་རུ་ཕྱིན་ཡོད། ཀྲུང་གོ་གུང་ཁྲན་ཏང་ནི་ཀྲུང་ཧྭ་མི་རིགས་དང་ཀྲུང་གོའི་མི་དམངས་ཀྱི་བདེ་སྐྱིད་ཆེད་དུ་འབད་འཐབ་བྱེད་མཁན་ཏང་ཞིག་ཡིན་ཞེས་བསྟན་གནང་ཡོད།

          ཞི་ཅིན་ཕིང་གིས། ཀྲུང་གོ་གུང་ཁྲན་ཏང་ལ་མི་དམངས་མང་ཚོགས་ཀྱི་བརྩི་བཀུར་དང་རྒྱབ་སྐྱོར་ཐོབ་པ་ནི། ང་ཚོའི་ཏང་གིས་ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་མི་དམངས་ཀྱི་ཆེད་བདེ་སྐྱིད་བརྩོན་ལེན་དང་། ཀྲུང་ཧྭ་མི་རིགས་ཆེད་བསྐྱར་དར་ཡོང་བའི་ཐོག་མའི་བསམ་འདུན་དང་འགན་འཁྲི་བརྩོན་ལེན་མཐའ་གཅིག་ཏུ་བྱས་པས་ཡིན། ང་ཚོའི་ཏང་ལ་གུང་ཁྲན་ཏང་ཡོན་བྱེ་བ་9ལྷག་ཙམ་དང་གཞི་རིམ་ཏང་རྩ་འཛུགས་ས་ཡ་5ལྷག་ཡོད། ཐོག་མཐའ་བར་གསུམ་དུ་ཐོག་མའི་བསམ་འདུན་བརྟན་སྲུང་དང་། འགན་འཁྲི་ཁྲག་ཏུ་འཁུར་ན། དཀའ་ཚེགས་ཇི་ལྟར་འཕྲད་ཀྱང་དེ་སེལ་མི་ཐུབ་པ་ཡོང་མི་སྲིད། ཐོག་མའི་བསམ་འདུན་མི་བརྗེད་པ་དང་། འགན་འཁྲི་སེམས་སུ་བརྟན་པོར་ངེས་ཞེས་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་བྱེད་སྒོ་སྤེལ་བ་དེ་མཐར་ཐུག་ནས་བཤད་ན་ཀྲུང་གོ་གུང་ཁྲན་ཏང་གིས་ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་མི་དམངས་ཀྱི་ཆེད་དུ་བདེ་སྐྱིད་བརྩོན་ལེན་དང་། ཀྲུང་ཧྭ་མི་རིགས་ཀྱི་ཆེད་དུ་བསྐྱར་དར་བརྩོན་ལེན་བྱེད་པ་ཞིག་ཡིན། དེ་ལྟར་བྱས་ན། གཞི་ནས་ང་ཚོའི་ཏང་གིས་ཡུན་རིང་སྲིད་སྐྱོང་དང་། གཞི་ནས་རྒྱལ་ཁབ་ཡུན་རིང་བདེ་འཁོད། གཞི་ནས་མང་ཚོགས་འཚོ་བ་སྔར་བས་བདེ་སྐྱིད་ལྡན་བཅས་ཡོང་ཐུབ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པར་མི་རིགས་གཅིག་ཀྱང་ལུས་མི་རུང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་གྱུར་ཡོང་བར་མི་རིགས་གཅིག་ཀྱང་ལུས་མི་རུང་། གུང་ཁྲན་ཏང་གིས་བཤད་ན་བྱེད་ཐུབ་པ་དགོས་ལ་བྱེད་ཐུབ་ངེས་ཀྱང་རེད། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ནི་རང་རྒྱལ་གྱི་གཞི་རྩའི་ཆབ་སྲིད་ལམ་ལུགས་ཡིན་པས། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ཀྱི་རིགས་པའི་གཞུང་ལུགས་དང་ལག་ལེན་ཉམས་མྱོང་ལ་ཕྱོགས་བསྡོམས་ནན་ཏན་བྱེད་པ་དང་། ལམ་ལུགས་འདི་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ། མི་རིགས་མཐུན་སྒྲིལ་མཉམ་འདྲེས་ལ་སྐུལ་འདེད། མི་རིགས་ཁག་སིལ་འབྲུ་ལྟར་རྡོག་རྩ་གཅིག་ཏུ་སྒྲིལ་དགོས་ཞེས་གསུངས་ཡོད།
          ཀྲང་ཀོ་ལི་ཡི་ཁྱིམ་ནས་ཞལ་གྱེས་སྐབས། གྲོང་མི་ཚོས་གཞུང་ལམ་གྱི་གཞོགས་གཉིས་སུ་ཕེབས་སྒུག་ཞུས་ནས་བསྡད་ཡོད་པ་དང་། ཞི་ཅིན་ཕིང་གིས་ཞལ་འཛུམ་པའི་ངང་ཁོང་རྣམ་པ་དང་ཕྱག་གཏོང་རེས་གནང་སྟེ་ཞལ་གྱེས་ཞུས་ཡོད།

          སྤྱི་ཚེས་16ཉིན་གྱི་སྔ་དྲོ། ཞི་ཅིན་ཕིང་གིས་ཧུའུ་ཧོ་ཧའོ་ཐེ་གྲོང་ཁྱེར་དུ་རྟོག་ཞིབ་གནང་སྐབས། དང་ཐོག་ནང་སོག་སློབ་ཆེན་དུ་ཕེབས་ཤིང་། རང་རེའི་ཏང་གིས་མི་རིགས་ས་ཁུལ་དུ་བཙུགས་པའི་ཕྱོགས་བསྡུས་རང་བཞིན་གྱི་སློབ་ཆེན་དང་པོ་ཡིན་པའི་ངོས་ནས། ནང་སོག་སློབ་ཆེན་གྱིས་མི་རིགས་ས་ཁུལ་ལ་ཤེས་ལྡན་མི་སྣ་གསོ་སྐྱོང་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འགྲོ་རྒྱུར་ལེགས་སྐྱེས་ཕུལ་ཡོད། དཔེ་མཛོད་ཁང་དུ། ཞི་ཅིན་ཕིང་གིས་སློབ་གྲྭའི་འཛུགས་སྐྲུན་འཕེལ་རྒྱས་དང་། སློབ་ཁྲིད་ཚན་ཞིབ། ཤེས་ལྡན་པ་གསོ་སྐྱོང་། བསམ་བློ་ཆབ་སྲིད་འཛུགས་སྐྱོང་སོགས་ཀྱི་ལས་ཀའི་གནས་ཚུལ་ངོ་སྤྲོད་ཞུས་པ་གསན་པ་དང་། སོག་རིགས་སྐད་ཡིག་རྩོམ་རིག་གི་ལོ་རྒྱུས་གྲུབ་འབྲས་དཔེ་དེབ་འགྲེམས་སྟོན་ལ་གཟིགས་གནང་ཡོད། སོག་ཡིག་གི་གནའ་གཞུང་འགྲེམས་སྟོན་ཁང་དུ་ལོ་རྒྱུས་རིག་གནས་སྐོར་གྱི་གནའ་བོའི་བསྟན་བཅོས་མང་པོ་ཉར་ཚགས་བྱས་ཡོད་པ་དང་། སོག་རིགས་ཀྱི་རིག་གནས་དང་མི་རིགས་གཞན་དག་གི་རིག་གནས་མཉམ་འདྲེས་འཕེལ་རྒྱས་ཀྱི་ལོ་རྒྱུས་བཀོད་ཡོད། ཞི་ཅིན་ཕིང་གིས་ནན་ཏན་ངང་གསན་ནས་བཀའ་འདྲི་ཡང་ཡང་གནང་ཡོད། ཞི་ཅིན་ཕིང་གིས། སོག་ཡིག་གི་གནའ་གཞུང་འཚོལ་བསྡུ་དང་། ལེགས་སྒྲིག སྲུང་སྐྱོང་བཅས་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། དེའི་ནང་ལྡན་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བསམ་བློའི་ནང་དོན་སྔོག་འདོན་དང་དར་སྤེལ་བཏང་ནས། མི་རིགས་ཁག་གི་མི་དམངས་ཀྱིས་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་། ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་བར་སྐུལ་མ་གཏོང་དགོས་ཞེས་ནན་གསུངས་གནང་ཡོད།
          དབྱར་གསེང་སྐབས་དང་འཁེལ་ཡོད་མོད། དཔེ་མཛོད་ཁང་གི་དཔེ་གཟིགས་ཁང་དུ་ད་དུང་སློབ་མ་མི་ཉུང་བ་ཞིག་གིས་སློབ་སྦྱོང་བྱེད་བཞིན་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཕེབས་པ་མཐོང་སྐབས། ཚང་མ་འཚང་ཁ་ཤིག་ཤིག་ངང་སྤྱི་ཁྱབ་ཧྲུའུ་ཅིའི་སྐུ་འགྲམ་དུ་བཅར་ཡོད། ཞི་ཅིན་ཕིང་གིས་བྱམས་བརྩེའི་ངང་ཁོང་ཚོར་འཚམས་འདྲི་གནང་ནས། སློབ་སྦྱོང་དང་འཚོ་བའི་གནས་ཚུལ་བཀའ་འདྲི་གནང་ཡོད། ཁོང་གིས། གཞོན་ནུ་སྟོབས་དང་ལྡན་ན་ཀྲུང་གོ་སྟོབས་དང་ལྡན། མ་འོངས་པའི་འགྲན་རྩོད་ནི་ན་གཞོན་རྣམས་ཀྱི་འགྲན་རྩོད་ཡིན་པ་དང་། ད་ལྟའི་ན་གཞོན་རྣམས་ནི་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་ཡོང་བ་བྱེད་པའི་རྐང་འཛིན་དང་ཀ་རྟེན་ལྟ་བུ་ཡིན། སློབ་གྲོགས་ཚོས་ཕུགས་འདུན་ཆེན་པོ་བཅངས་ནས། ཏན་ཏན་ཏིག་ཏིག་དང་། ཤེས་བྱ་ཡག་པོ་སྦྱོང་བ། རྨང་གཞི་ཡག་པོ་འདིང་བ། འཇོན་ཐང་ཆེ་རུ་འགྲོ་བ་བཅས་བྱས་ཏེ། འབྱུང་འགྱུར་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཆེད་རང་ཉིད་ཀྱི་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས་ཞེས་གསུངས་ཡོད།

          ཞི་ཅིན་ཕིང་གིས། ང་ཚོའི་གཞོན་ནུ་ཚོ་བདེ་ཐང་དང་། སྤྱང་གྲུང་ལྡན་པ་མ་ཟད། ཡར་ངོའི་ཟླ་ལྟར་གོང་ནས་གོང་དུ་འཕེལ་བ་དང་དྲང་ནུས་ལྡན་པ་མཐོང་སྐབས་ང་རང་ཧ་ཅང་དགའ་པོ་བྱུང་། འབྲི་ཆུའི་རྦ་རླབས་ཕྱི་མས་སྔ་མ་འདེད་ཞེས་པ་དང་། དགེ་ཕྲུག་དགེ་རྒན་ལས་བྱུང་ཡང་དགེ་རྒན་ལས་ལྷག་པའི་དཔེ་ལྟར། ཧུར་བརྩོན་གྱིས་ཤིག་ཅེས་གསུངས་ཡོད།
          དེ་རྗེས། ཞི་ཅིན་ཕིང་ནང་སོག་རང་སྐྱོང་ལྗོངས་རང་བྱུང་ཐོན་ཁུངས་ཐིང་དུ་ཕེབས་ཡོད། རང་བྱུང་ཐོན་ཁུངས་སྲིད་དོན་ཚོམས་ཆེན་དུ། ཞི་ཅིན་ཕིང་གིས་ལས་དོན་མི་སྣ་དང་ལས་སྒྲུབ་མང་ཚོགས་དང་གླེང་མོལ་གནང་ནས། ༼ཐོག་མའི་བསམ་འདུན་མི་བརྗེད་པར། འགན་འཁྲི་བློ་ལ་བརྟན་པོར་ངེས་པའི་༽བརྗོད་བྱ་གཙོ་བོའི་སློབ་གསོ་དང་སྟབས་བདེ་ནུས་ཆེའི་སྲིད་དོན་ཞབས་ཞུ་དོན་འཁྱོལ་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་ཡོད། ཞི་ཅིན་ཕིང་གིས། མང་ཚོགས་ཀྱི་ལྟ་བ་དང་མང་ཚོགས་ཀྱི་ལམ་ཕྱོགས་དེ་ལས་ཀའི་ལྷུ་ཚིགས་ཁག་དང་ཞིབ་ཕྲའི་བྱ་སྤྱོད་ཁྲོད་དོན་འཁྱོལ་བྱས་ཏེ། མང་ཚོགས་ལ་ལས་དོན་སྒྲུབ་རྒྱུ་དེ་བས་སྟབས་བདེ་དང་དེ་བས་བློ་བདེ་བ་ཡོང་ཐབས་བྱ་དགོས། ལས་ཕྱོད་ཆེ་བར་སྐུལ་འདེད་གཏོང་བ་དང་ཆབས་ཅིག འཐུས་སྒོ་ཚང་བར་བསམ་བློ་བཏང་སྟེ། སྒོ་འབྱེད་ཇི་ཙམ་རྒྱ་སྐྱེད་དང་ཁྲོམ་རར་སྐུལ་འདེད་ཇི་ཙམ་བཏང་ན།  དེ་ཙམ་གྱིས་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་།  ཁྲིམས་ལྟར་དོ་དམ་དང་ལྟ་སྐུལ་ནན་མོ་བྱས་ཏེ།  རུལ་སུངས་ནན་འགོག་བྱེད་དགོས་ཞེས་གསུངས་ཡོད།
          ཞི་ཅིན་ཕིང་གིས་རང་བྱུང་ཐོན་ཁུངས་ཐིང་གིས་ཐོག་མའི་བསམ་འདུན་མི་བརྗེད་པ་དང་འགན་འཁྲི་སེམས་སུ་བརྟན་པོ་ངེས་ཞེས་པའི་བརྗོད་གཙོའི་སློབ་གསོའི་བྱེད་སྒོ་སྤེལ་རྒྱུར་བརྟག་ཞིབ་མཛུབ་སྟོན་གནང་སྐབས། ས་གནས་ཁག་དང་ཚན་པ་ཁག་གིས་བརྗོད་གཙོའི་སློབ་གསོའི་བྱེད་སྒོ་སྤེལ་དུས་གནད་འཁེལ་བཞི་ལ་ཡིད་འཇོག་བྱེད་དགོས། དེ་ཡང་གཅིག་ནས་བསམ་བློའི་ངོས་འཛིན་གནད་ལ་འཁེལ་བ་བྱེད་དགོས་པ་དང་། སློབ་སྦྱོང་བྱ་རྒྱུ་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་དང་། བརྗོད་གཙོའི་སློབ་གསོའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་ཐུབ་པ་བྱེད་པ། ཏང་གི་ཐོག་མའི་བསམ་འདུན་དང་འགན་འཁྲིར་ངོས་འཛིན་གཏིང་ཟབ་ཐུབ་པ་བྱེད་པ། ཏང་ལ་འཕྲད་པའི་ཉེན་ཁའི་ཚོད་བགམ་ལ་ངོས་འཛིན་གཏིང་ཐུབ་པ་བཅས་བྱེད་དགོས། སློབ་སྦྱོང་བྱ་རྒྱུ་དེར་ཕྱི་ཚུལ་རིང་ལུགས་བྱེད་མི་རུང་བ་དང་། འཕྲལ་དུ་གྲུབ་འབྲས་ཐོབ་རེ་བྱེད་མི་རུང་བར་དུས་རྟག་ཏུ་ཡར་རྒྱས་གསར་པ་དང་མྱོང་བ་གསར་པ་ཐོབ་པ་བྱེད་དགོས། དོན་དངོས་དང་ཟུང་འབྲེལ་གྱིས་སློབ་སྦྱོང་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས་པ་དང་འབྱུང་ཁམས་ཤེས་དཔལ་འཛུགས་སྐྱོང་གི་གལ་ཆེའི་རང་བཞིན་ལ་ངེས་ཤེས་གཏིང་ཟབ་སྐྱེ་བ་བྱེད་དགོས་པ་དང་། ཏང་ཀྲུང་དབྱང་གིས་ནང་སོག་ལ་འཛིན་པའི་འཐབ་ཇུས་གནད་བབ་ལ་གོ་བ་གཏིང་ཟབ་ལོན་པ་བྱས་ནས་རང་སོའི་འགན་འཁྲིར་གོ་བ་གཏིང་ཟབ་ལོན་པ་བྱེད་དགོས། གཉིས་ནས། གནད་དོན་ལ་ཞིབ་བརྟག་བྱ་རྒྱུ་གནད་ལ་འཁེལ་བ་བྱེད་དགོས་པ་དང་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱས་ནས་གནད་དོན་ཤེས་རྟོགས་ཐུབ་པ་དང་ཤེས་རྟོགས་མཐར་ཕྱིན་ཐུབ་པ། གནད་དོན་གྱི་འབྱུང་རྩ་སྔོག་ཐུབ་བཅས་བྱས་ནས་འབད་བརྩོན་བྱེད་ཕྱོགས་དང་ལེགས་བཅོས་བྱ་ཐབས་གསལ་སྟོན་བྱེད་དགོས། གསུམ་ནས། བཅོས་སྒྲིག་གནད་ལ་འཁེལ་བ་བྱེད་དགོས་པ་དང་། ནད་བརྟག་སྨན་བཅོས་བྱས་ནས་འཐུས་སྒོ་ཚང་དུ་གཏོང་དགོས་པའི་སྒྲིག་གཞི་རྣམས་འཐུས་སྒོ་ཚང་དུ་གཏོང་དགོས་པ་དང་། སེལ་དགོས་པའི་ཞན་ཆ་རྣམས་སེལ་དགོས་པ། སྐྱོན་བརྗོད་བྱེད་དགོས་སར་སྐྱོན་བརྗོད་བྱེད་དགོས་པ། ཐག་གཅོད་བྱེད་དགོས་སར་ཐག་གཅོད་ནན་པོ་བཅས་བྱེད་དགོས། དོན་དངོས་གནད་དོན་ཐག་གཅོད་བྱེད་པའི་ཕན་འབྲས་དེ་ཚད་གཞིར་བཟུང་ནས་གནད་དོན་ཤེས་རྟོགས་ཐུབ་མ་ཐག་འཕྲལ་དུ་ལེགས་བཅོས་བྱེད་དགོས་པ་ལས་ནར་འགྱངས་གཏོང་བ་དང་ཁ་གཏད་གཅོག་ཁུལ་བྱེད་མི་རུང་། བཞི་ནས་རྩ་འཛུགས་འགོ་ཁྲིད་གནད་ལ་འཁེལ་བ་བྱེད་དགོས་པ་དང་། འགོ་ཁྲིད་བློ་མཐུན་གཙོ་བོས་སློབ་སྦྱོང་བྱ་རྒྱུར་སྣེ་ཁྲིད་དང་བརྟག་དཔྱད་ཞིབ་འཇུག་བྱ་རྒྱུར་སྣེ་ཁྲིད། གནད་དོན་ཞིབ་བརྟག་བྱ་རྒྱུར་སྣེ་ཁྲིད། བཅོས་སྒྲིག་དོན་འཁྱོལ་བྱ་རྒྱུར་སྣེ་ཁྲིད་བཅས་བྱས་ནས་མིག་དཔེའི་ནུས་པ་འདོན་དགོས། ཏང་ཀྲུང་དབྱང་གི་བཀོད་སྒྲིག་དང་གཅིག་གྱུར་བྱེད་དགོས་པ་དང་ཆབས་ཅིག་དོན་དངོས་དང་ཟུང་འབྲེལ་གྱིས་བྱེད་ཕྱོགས་བྱ་ཐབས་ཕུན་སུམ་ཚོགས་སུ་གཏོང་དགོས། ཏང་ནང་ཁུལ་གྱི་ཁྲིམས་སྲོལ་ཉུང་ཉུང་མིན་པར་གནད་དོན་གཙོ་བོ་དེ་ནི་ལག་ལེན་བསྟར་ཤུགས་མི་འདང་བ་དང་། ལག་ལེན་བསྟར་བའི་ནུས་པ་མི་འདང་བ། ལག་ལེན་བསྟར་བའི་བློ་སྤོབས་མི་འདང་བ་བཅས་ལ་ཐུག་ཡོད། ཁྲིམས་སྲོལ་ལམ་ལུགས་ལག་ལེན་བསྟར་ཤུགས་ཆེ་རུ་གཏོང་དགོས་པ་ལས་འཐེན་སྐུམ་བྱེད་མི་རུང་བཅས་ཀྱི་ནན་སྟོན་གནང་ཡོད།

          སྤྱི་ཚེས་16ཉིན་གྱི་ཕྱི་དྲོ་ཞི་ཅིན་ཕིང་ནས་ནང་སོག་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་དོན་ཐད་ཐོག་མའི་བསམ་འདུན་མི་བརྗེད་པ་དང་། འགན་འཁྲི་སེམས་ལ་བརྟན་པོར་ངེས་ཞེས་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་གནས་ཚུལ་གྱི་སྙན་སེང་གསན་གནང་ནས། ནང་སོག་གི་ལས་དོན་ཁག་ལ་ཐོབ་པའི་གྲུབ་འབྲས་ལ་གདེང་འཇོག་གནང་སྟེ། ནང་སོག་གི་བློ་མཐུན་ཚོས་ཏང་ཀྲུང་དབྱང་གི་བླང་བྱ་ལག་བསྟར་ནན་ཏན་བྱེད་པ་དང་། སོག་པོའི་རྟའི་སྙིང་སྟོབས་དར་སྤེལ་བཏང་སྟེ། ལས་དོན་ཁག་སྔར་ལས་ལྷག་པའི་སྒོ་ནས་སྒྲུབ་རྒྱུར་འབད་བརྩོན་བྱེད་དགོས་པའི་ཐུགས་རེ་གནང་ཡོད།
          ཞི་ཅིན་ཕིང་ནས། རྒྱལ་སྤྱིའི་དུས་བབ་ལ་མགྱོགས་མྱུར་ངང་འཕོ་འགྱུར་འགྲོ་བ་དང་། རྒྱལ་སྤྱིའི་དུས་བབ་བརྟན་ལྷིང་མེད་པ་དང་གཏན་འཁེལ་མེད་པའི་རྒྱུ་རྐྱེན་ཟམ་མི་ཆད་པར་མང་དུ་ཕྱིན་པ། རང་རྒྱལ་གྱི་ཕྱི་རོལ་ཁོར་ཡུག་གོང་འཕེལ་གཏོང་བའི་ཁྲོད་འགྲན་རྩོད་རྒྱུ་རྐྱེན་མངོན་གསལ་དོད་པོས་མང་དུ་ཕྱིན་ཡོད། དེ་དང་དུས་མཚུངས་སུ་རྒྱལ་ནང་གི་དཔལ་འབྱོར་གོང་འཕེལ་ཐབས་ལམ་བརྗེ་འགྱུར་དང་། དཔལ་འབྱོར་གྲུབ་ཆ་ལེགས་འགྱུར། སྤུས་ཚད་མཐོ་བའི་གོང་འཕེལ་ལ་སྐུལ་འདེད་གཏོང་རྒྱུ་བཅས་འགག་གཏོར་དཀའ་སེལ་གྱི་འགག་རྩའི་དུས་མཚམས་སུ་སླེབས་ཡོད་པས། འགག་གཏོར་གསུམ་གྱི་དམག་འཐབ་ཡག་པོ་རྒྱག་རྒྱུར་དཀའ་ཚེགས་ཆེ་བའི་འབད་བརྩོན་བྱེད་དགོས་ཀྱི་ཡོད། ང་ཚོས་དཔལ་འབྱོར་རྒྱུན་མཐུད་སྐྱོན་བྲལ་སྒོ་ནས་གོང་འཕེལ་འགྲོ་བ་དང་། སྤྱི་ཚོགས་ཀྱི་གནས་བབ་ཧྲིལ་པོ་བརྟན་ལྷིང་རྒྱུན་འཁྱོངས་བྱེད་པར། ངེས་པར་དུ་བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་ནས་དུས་བབ་ལ་དབྱེ་འབྱེད་དང་བཀོད་ཇུས་བཀོད་སྒྲིག་གནང་བའི་ཐོག་གཅིག་གྱུར་བྱས་ཏེ། བློ་བརྟན་འགྱུར་མེད་སྒོ་ནས་རང་ཉིད་ཀྱི་ལས་དོན་ཡག་པོ་སྒྲུབ་དགོས་ཞེས་ནན་སྟོན་གནང་ཡོད།
          ཞི་ཅིན་ཕིང་གིས། ནང་སོག་མེས་རྒྱལ་གྱི་བྱང་ཕྱོགས་མཐའ་མཚམས་སུ་གནས་ཤིང་། རང་བྱུང་དང་སྐྱེ་ཁམས་ཐོན་ཁུངས་ཧ་ཅང་ཕུན་སུམ་ཚོགས་པོ་ཡོད་པ་དང་མི་རིགས་ཀྱི་རིག་གནས་རྣམ་པར་བཀྲ་བ། གོང་འཕེལ་གྱི་མངོན་མེད་སྟོབས་ཤུགས་ཆེ་བ། འཐབ་ཇུས་ཀྱི་གནས་བབ་གལ་ཆེན་བཅས་ཡིན། དཔལ་འབྱོར་སྤུས་ཚད་མཐོ་པོའི་སྒོ་ནས་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་བར། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་གཞིའི་རང་བཞིན་གྱི་བསྒྱུར་བཅོས་དེ་ཞན་ཆ་ཁ་གསབ་བྱེད་པའི་ཐོག་གཅིག་སྡུད་བྱེད་པ་དང་། ཉུང་གཏོང་གསུམ་དང་གཅིག་གཅོག་གཅིག་གསབ་ཀྱི་གྲུབ་འབྲས་སྲ་བརྟན་གཏོང་བ། བློ་བརྟན་འགྱུར་མེད་སྒོ་ནས་བསྒྱུར་བཅོས་སྒོ་དབྱེ་གཏིང་ཟབ་བྱེད་པ། ཕྲ་མཐོང་གཙོ་གཟུགས་ཀྱི་གསོན་ཤུགས་ཇེ་ཆེར་གཏོང་བ། ཐོན་ལས་སྦྲེལ་ཐག་གི་ཆུ་ཚད་མཐོ་རུ་གཏོང་བ། དཔལ་འབྱོར་འཁོར་རྒྱུག་ཤར་གཏོང་བྱེད་པ། ཞིང་འབྲོག་ལས་སྤུས་ཚད་མཐོ་པོས་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ས་ཁོངས་མཐུན་སྦྱོར་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་གཏོང་དགོས། སྐྱེ་ཁམས་སྔོན་ལ་འཇོག་པ་དང་སྦགས་མེད་གོང་འཕེལ་ཡོང་བ་རྒྱུན་འཁྱོངས་བྱས་ཏེ། གཅིག་སྡུད་དང་ལེགས་བསྡུས་ཀྱི་ཐད་ནས་འགྲོ་ལམ་འཚོལ་ཞིབ་བྱེད་པ། རྩྭ་ཐང་སྲུང་སྐྱོབ་བྱ་ཤུགས་ཆེ་རུ་གཏོང་བ། ས་ཞིང་བྱེ་ས་ཅན་དང་ཐང་རྒོད་ཅན་དུ་འགྱུར་བའི་འགོག་བཅོས་ལས་དོན་ལ་ཤུགས་སྣོན་རྒྱག་པ། སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོང་ཡག་པོ་བྱེད་པ་བཅས་བྱས་ཏེ། རང་རྒྱལ་བྱང་ཕྱོགས་ཀྱི་གལ་ཆེའི་སྐྱེ་ཁམས་བདེ་འཇགས་སྲུང་ར་བརྟན་དུ་གཏོང་དགོས། དམངས་འཚོ་འགན་སྲུང་དང་ལེགས་བཅོས་ཏན་ཏིག་བྱེད་པ་དང་། སློབ་གསོ་དང་ལས་ཞུགས། སྤྱི་ཚོགས་འགན་བཅོལ། སྨན་བཅོས། སྡོད་ཁང་སོགས་ཕྱོགས་ཁག་ཐད་གནས་པའི་མངོན་གསལ་དོད་པའི་གནད་དོན་དང་། ཁ་ཚ་དགོས་གཏུག་གི་གནད་དོན་ཐག་གཅོད་བྱ་རྒྱུར་ཤུགས་སྣོན་རྒྱག་པ། འགག་གཏོར་དམག་འཐབ་ཆེན་པོ་གསུམ་ལ་རྒྱལ་ཁ་མཐར་ཕྱིན་པ་བླངས་ཏེ། དབུལ་སྒྲོལ་འགག་གཏོར་ལས་དོན་གྱི་གཙོ་གནད་དེ་ཆེས་དབུལ་ཕོངས་ས་ཁུལ་དུ་གཅིག་སྡུད་བྱེད་པ་དང་། གཙོ་གནད་ཐོག་འགན་ལེན་གསུམ་ལ་འཕྲད་པའི་དཀའ་གནད་འགག་གཏོར་བྱེད་པ་བཅས་བྱས་ཏེ། དུས་བཀག་ལྟར་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཚར་བ་བྱ་རྒྱུར་འགན་ལེན་བྱེད་དགོས་ཞེས་བཏོན་གནང་ཡོད།

          ཞི་ཅིན་ཕིང་གིས། བརྗོད་དོན་གཙོ་བོའི་སློབ་གསོའི་ཁྲོད་ཐོག་མའི་བསམ་འདུན་སྲུང་བ་དང་། འགན་འཁྲི་འཁུར་བ། ཧེ་བག་འཚོལ་བ། དོན་འཁྱོལ་ལ་དམ་འཛིན་བཅས་ཀྱི་སྤྱིའི་བླང་བྱ་ཁྱོན་ཡོངས་ནས་ཁོང་དུ་ཆུད་པ་བྱེད་པ་དང་། སློབ་སྦྱོང་སློབ་གསོ་དང་བརྟག་དཔྱད་ཞིབ་འཇུག གནད་དོན་དཔྱད་ཞིབ། བཅོས་སྒྲིག་དོན་འཁྱོལ་བཅས་ཟུང་འབྲེལ་བྱས་ནས། འབད་བརྩོན་ཆེན་པོས་དངོས་དངོས་རྗེན་རྗེན་གྱི་ཕན་པ་ཐོབ་པ་བྱེད་དགོས། ལྟ་སྐུལ་འཛུབ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། ལས་དོན་ཡག་པོ་སྒྲུབ་མཁན་ལ་དུས་ཐོག་ཏུ་བསྟོད་བསྔགས་གཏོང་བ། ལས་དོན་ནུས་ལྡན་ངང་མི་སྤེལ་བར་དུས་ཐོག་ཏུ་སྐྱོན་བརྗོད་དང་དྲན་སྐུལ་བྱེད་པ། ཞན་ཆ་ཐོན་ཚེ་དུས་ཐོག་ཏུ་ཡོ་བསྲང་བྱེད་པ་བཅས་བྱེད་དགོས་ཞེས་ནན་བཤད་གནང་བ་དང་།
          ཞི་ཅིན་ཕིང་གིས། ནང་སོག་ནི་རང་རྒྱལ་གྱི་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ཀྱི་འབྱུང་གནས་ཡིན་པ་དང་། མི་རིགས་མཐུན་སྒྲིལ་གྱི་གཟི་བརྗིད་སྲོལ་རྒྱུན་ལྡན་ཡོད། མི་རིགས་ཁག་མཐུན་སྒྲིལ་ཆེན་པོའི་དར་ཆ་མཐོན་པོར་སྒྲེང་བ་དང་། ཏང་གི་མི་རིགས་སྲིད་ཇུས་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོ་གཏིང་ཟབ་སྤེལ་བ། ཕན་ཚུན་རོགས་རེས་ཀྱི་འདུ་ཤེས་ལག་བསྟར་བྱེད་པ། ཀྲུང་ཧྭ་མི་རིགས་ཐུན་མོང་མ་ལག་གི་འདུ་ཤེས་བརྟན་པོ་འཛུགས་པ། མི་རིགས་ཁག་གི་མི་དམངས་ནས་ཏང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་། ཐུན་མོང་ཐོག་མེས་རྒྱལ་གྱི་མཐའ་མཚམས་སྲུང་བ། ཐུན་མོང་ཐོག་མཛེས་སྡུག་ལྡན་པའི་འཚོ་བ་གཏོད་པ་བཅས་བྱས་ཏེ། དུས་རབས་གསར་པར་མུ་མཐུད་ནས་དཔེ་བཟང་རང་སྐྱོང་ལྗོངས་ཀྱི་བླ་ན་མེད་པའི་གཟི་བརྗིད་མཚན་སྙན་རྒྱུན་འཁྱོངས་བྱེད་དགོས་ཞེས་བསྟན་གནང་ཡོད་པ་རེད།

          ཏིང་ཞུའེ་ཞང་དང་། ལིའུ་ཧོ། ཁྲེན་ཞི། ཧོ་ལི་ཧྥེང་བཅས་དང་ཀྲུང་དབྱང་གི་འབྲེལ་ཡོད་ཚན་པའི་འགན་འཁུར་བློ་མཐུན་ནས་རྟོག་ཞིབ་ལ་ཕེབས་རོགས་གནང་བའམ་འབྲེལ་ཡོད་བྱེད་སྒོར་ཞུགས་གནང་ཡོད་པ་རེད།
          རྟོག་ཞིབ་གནང་རིང་། ཞི་ཅིན་ཕིང་གིས་ཧུ་ཧེ་ཧོ་ཐེར་ནང་སོག་ཏུ་བཅའ་སྡོད་དཔུང་སྡེའི་ཧྲེ་ཤོག་གཞོན་པའི་ལས་གནས་ཡན་གྱི་འགོ་ཁྲིད་བློ་མཐུན་དང་ཐོན་ཤོག་རིམ་པའི་ཚན་པའི་འགོ་ཁྲིད་གཙོ་བོ་དང་བྱམས་བརྩེའི་མཇལ་འཕྲད་གནང་བ་དང་། ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུད་ཀྱི་ཚབ་ཞུས་ནས་ནང་སོག་ཏུ་བཅའ་སྡོད་དཔུང་སྡེའི་དཔོན་དམག་ཡོངས་ལ་ལྷག་བསམ་རྣམ་དག་གི་འཚམས་འདྲི་ཞུས་གནང་ཡོད། ཞུས་ཆི་ལེའང་གིས་མཇལ་འཕྲད་གནང་བར་ཕེབས་རོགས་ཞུས་ཡོད་པ་རེད།
རྩོམ་སྒྲིག་པ། རྡོ་རྗེ།