ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་ལོ་ལྔའི་རྗེས་སུ་སླར་ཡང་མངའ་རིས་སུ་ཕེབས་ནས་ཆོས་ཕྱོགས་དང་སྤྱི་ཚོགས་ཀྱི་བྱེད་སྒོ་སྤེལ་བ།

སྤེལ་དུས 2019-07-26 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། འབྲུག་རྒྱལ་མཁར་གྱིས་བསྒྱུར།

པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མངའ་རིས་སུ་སླེབས་པ།
          ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། མིག་སྔར་རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ཨུ་དང་། ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་མཐུན་ཚོགས་ཀྱི་ཚོགས་གཙོ་བཅས་ཡིན་པའི་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་བོད་ལྗོངས་མངའ་རིས་ས་ཁུལ་དུ་ཕེབས་ནས་ཆོས་ཕྱོགས་དང་སྤྱི་ཚོགས་ཀྱི་བྱེད་སྒོ་སྤེལ།

མངའ་རིས་ས་ཁུལ་གྱི་མང་ཚོགས་ཀྱིས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་ལ་དགའ་བསུ་ཚད་མེད་ཞུ་བཞིན་པ།
          པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་བཞུགས་པའི་གནམ་གྲུ་མངའ་རིས་དགུན་ས་གནམ་ཐང་དུ་ཕེབས་འབྱོར་ཟིན་སྐབས། ས་གནས་དེ་གའི་མི་རིགས་སོ་སོ་དང་ལས་རིགས་ཁག་གི་མང་ཚོགས་ཀྱིས་ལུས་སུ་དུས་ཆེན་གྱི་གཟབ་མཆོར་ལེགས་པར་སྤྲས་པ་དང་། ལག་ཏུ་ཁ་བཏགས་དཀར་པོ་ཐོགས་ཏེ། སྤྲོ་སྐྱིད་ལྡན་པའི་ངང་མི་རིགས་ཀྱི་ཞབས་བྲོ་འཁྲབ་པ་དང་། མངའ་རིས་ལ་ཆེད་དུ་ཡོད་པའི་དམངས་ཁྲོད་ཀྱི་རོལ་ཆས་དཀྲོལ། དིར་དིར་དུ་གྲགས་པའི་རོལ་ཆས་ཀྱི་སྒྲ་དབྱངས་ལས་ས་གནས་དེ་གའི་མང་ཚོགས་ཀྱིས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་ལ་བཅངས་པའི་དད་གུས་དང་བརྩི་བཀུར་མཚོན་ཡོད།

མངའ་རིས་ས་ཁུལ་གྱི་མི་རིགས་སོ་སོ་དང་ལས་རིགས་ཁག་གི་མང་ཚོགས་ཀྱིས་སྤྲོ་སེམས་འཁོལ་བའི་ངང་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་ལ་དགའ་བསུ་ཞུ་བཞིན་པ།
          པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པས་ཁོང་གི་གདན་ས་གཞིས་ཀ་རྩེའི་བཀྲ་ཤིས་ལྷུན་པོ་དགོན་པ་ནས་ཆོས་ཀྱི་ཆོ་ག་རབ་དང་རིམ་པ་སྤེལ་རྗེས་མངའ་རིས་སུ་སླེབས། འདི་ཡང་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་ལོ་ངོ་ལྔའི་རྗེས་སུ་སླར་ཡང་མངའ་རིས་སུ་ཕེབས་ནས་ཆོས་ཕྱོགས་ཀྱི་མཛད་སྒོ་དང་སྤྱི་ཚོགས་ཀྱི་བྱེད་སྒོ་སྤེལ་ཐེངས་གཉིས་པ་ཡིན་པ་རེད།

པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་གིས་མངའ་རིས་ས་ཁུལ་སྒར་རྫོང་དགུན་སའི་དེང་རབས་ཞིང་འབྲོག་ཚན་རྩལ་དཔེ་སྟོན་ར་བར་གཟིགས་སྐོར་མཛད་པ།

པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་གིས་མངའ་རིས་ས་ཁུལ་སྒར་རྫོང་དགུན་སའི་དེང་རབས་ཞིང་འབྲོག་ཚན་རྩལ་དཔེ་སྟོན་ར་བར་གཟིགས་སྐོར་མཛད་པ།
          པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་རླངས་འཁོར་ལ་བཞུགས་ཏེ་གནམ་གྲུ་ཐང་ནས་མངའ་རིས་ས་ཁུལ་ལ་ཕེབས་པའི་ལམ་བར་དུ་སྒར་རྫོང་དགུན་སའི་དེང་རབས་ཞིང་འབྲོག་ཚན་རྩལ་དཔེ་སྟོན་ར་བར་གཟིགས་སྐོར་གནང་། ལས་བྱེད་པའི་སྣེ་ཁྲིད་འོག་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པས་རྩྭ་འབུ་སུ་ཧང་སྨུག་པོའི་འདེབས་འཛུགས་ཁུལ་དང་། བཞོན་མའི་གསོ་སྤེལ་ཁུལ། འགྲེམས་སྟོན་ཁུལ་སོགས་ལ་གཟིགས་སྐོར་མཛད། གཟིགས་སྐོར་གྱི་གོ་རིམ་ཁྲོད་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པས་དབུ་ལྕོག་ལྕོག་ལན་མང་གནང་ནས། སྒར་རྫོང་དགུན་སའི་དེང་རབས་ཞིང་འབྲོག་ཚན་རྩལ་དཔེ་སྟོན་ར་བའི་གྲུབ་འབྲས་ལ་བསྟོད་བསྔགས་མཛད།

པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པས་ལམ་བར་དུ་དད་ལྡན་མང་ཚོགས་ལ་མཇལ་ཁ་གནང་བ།
          ཟླ་7པའི་ཚེས་21ཉིན། ལྷོག་ལྷོག་དུ་འཕྱུར་བའི་བསང་དུད་དང་། ཆོས་དུང་གི་སྒྲ་དབྱངས་ཁྲོད། པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མངའ་རིས་ས་ཁུལ་གྱི་གངས་ཏི་སེའི་ཉེ་འདབས་སུ་སླེབས་ནས། མ་ཕམ་གཡུ་མཚོའི་ལྷོ་འདབས་ཀྱི་ཁྲུས་སྒོ་དགོན་དུ་མཆོད་མཇལ་གནང་། པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་ཁྲུས་སྒོ་དགོན་དུ་སླེབས་རྗེས། ཁྲུས་སྒོ་དགོན་པའི་དགེ་འདུན་པ་དང་མང་ཚོགས་ཀྱིས་ཕྲེང་བསྒྲིགས་ནས་ཕེབས་བསུ་ཞུས། ལག་ཏུ་སྤོས་ཕོར་ཐོགས་པ་དང་རྒྱ་གླིང་འབུད་པའི་དགེ་འདུན་པས་སྣེ་ཁྲིད་པ་དང་། དེ་མིན་དགེ་འདུན་པས་གདུགས་བསྐོར་ནས་སྲུང་སྐྱེལ་བྱེད་པ་དང་མཉམ་དུ། པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་ཐོག་མར་མ་ཕམ་གཡུ་མཚོའི་ལྷོ་འགྲམ་དུ་སླེབས་ཏེ། མ་ཕམ་གཡུ་མཚོར་མཆོད་འབུལ་གྱི་ཆོ་ག་གཟབ་རྒྱས་སྤེལ།
མ་ཕམ་གཡུ་མཚོའི་མཆོད་འབུལ་སྐབས་ཀྱི་མཚོ་འགྲམ་ཀྱི་དགེ་འདུན་པ།
          མ་ཕམ་གཡུ་མཚོའི་ཕྱོགས་བཞིར་རི་བོ་མཐོན་པོ་བཞིས་བསྐོར་བ་དང་། དེའི་བྱང་ཕྱོགས་ནི་ཏག་ཏག་མིང་དུ་གྲགས་པའི་གངས་རིན་པོ་ཆེ་རེད། རི་འདབས་ནས་མཚོ་འགྲམ་བར་ནི་རྒྱ་ཆེ་ཞིང་ཁོད་སྙོམས་ལ་ཕ་མཐའ་མི་མངོན་པའི་རྩྭ་ཐང་རེད། སྔོ་ཞིང་མུ་མཐའ་མེད་པའི་མ་ཕམ་གཡུ་མཚོ་ནི་གཡུ་ཡི་གཞོང་བ་ཆེན་པོ་ཞིག་རི་བོ་དང་རྩྭ་ཐང་གི་དབུས་སུ་བརྒྱན་པ་དང་ཀུན་ནས་མཚུངས་པས། རི་བོ་དང་མཚོ་མོ། ད་དུང་རྩྭ་ཐང་བཅས་ཕན་ཚུན་མཉམ་དུ་མཛེས་ཤིང་ཡིད་དུ་འོང་བའི་ཡུལ་ལྗོངས་ཀྱི་རྣམ་པར་གྲུབ་ཡོད། བོད་ཀྱི་ལྷ་མཚོ་རྣམ་གསུམ་གྱི་ཡ་གྱལ་དུ་གྱུར་པའི་མ་ཕམ་གཡུ་མཚོ་ནི་དྭངས་གཙང་ཡིད་དུ་འོང་ལ། དད་ལྡན་མང་ཚོགས་ཀྱིས་མཆོད་པ་བྱེད་པའི་ལྷ་མཚོ་ཡིན། 

པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པས་མ་ཕམ་གཡུ་མཚོར་མཆོད་འབུལ་གྱི་ཆོ་ག་སྤེལ་བཞིན་པ།
          དད་ལྡན་མང་ཚོགས་ཀྱི་སེམས་སུ་མ་ཕམ་གཡུ་མཚོའི་ཆུ་ནི་ཐད་ཀར་གནས་རིའི་གངས་ཆུ་བཞུར་ནས་འོངས་པ་ཡིན་པས་བླ་ཆུ་ཡིན་པ་དང་། ཆུ་འདི་བཀོལ་ནས་ཁྲུས་བྱས་ན་མི་རྣམས་ཀྱི་སེམས་ནང་གི་དུག་ལྔ་སེལ་ཐུབ་པ་དང་། ལུས་སྟེང་གི་མི་གཙང་བའི་དྲི་མ་སྣ་ཚོགས་ཀྱང་མེད་པར་བཟོ་ཐུབ་པར་འདོད། ད་དུང་མཚོ་ཆུ་འདི་འཐུང་ཚེ་ནད་བརྒྱ་འཇོམས་ཤིང་ལུས་ཕུང་བདེ་ཞིང་སྟོབས་ཤུགས་འཕེལ་ཐུབ། མཇལ་བ་རྣམས་ཀྱིས་མཚོ་ལ་བསྐོར་བ་བརྒྱབ་ན། ཕན་ཡོན་བསམ་གྱིས་མི་ཁྱབ་པ་དང་། དེབ་དང་གསུང་རབ་མང་པོའི་ཁྲོད་དུ་མ་ཕམ་གཡུ་མཚོའི་ཆུ་ནི་མུ་ཏིག་དང་འདྲ་བར། འཐུང་ཚེ་བསྐལ་བརྒྱའི་ནད་རིགས་འཇོམས་ཐུབ་པར་བཀོད་ཡོད།

པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པས་མ་ཕམ་གཡུ་མཚོར་མཆོད་འབུལ་གྱི་ཆོ་ག་སྤེལ་བཞིན་པ།
          པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་བླ་མ་སྐྱེས་ཆེན་རྣམ་པའི་སྣེ་ཁྲིད་འོག མ་ཕམ་གཡུ་མཚོའི་འགྲམ་གྱི་ལྷ་མཚོའི་མཆོད་འབུལ་སྟེགས་བུར་སླེབས་པ་དང་། ཁྲིར་བཞུགས་ནས་དྲིལ་བུ་དཀྲོལ་བ་དང་། དགེ་འདུན་པ་རྣམ་དང་ལྷན་དུ་དད་པ་རྩེ་གཅིག་གིས་གསུང་ཆོས་གསུངས། དེ་ནས་དར་ཚོན་སྣ་ལྔ་དང་ཁ་བཏགས།  འབྲུ་རིགས་སྣ་ལྔ། བུམ་པ་སོགས་མཆོད་རྫས་རེ་རེ་བཞིན་དགེ་འདུན་པར་སྤྲད་དེ་མཚོའི་དབུས་སུ་འབུལ་བ་དང་། རྒྱལ་ཁམས་བདེ་ཞིང་དམངས་རྣམས་སྐྱིད་པ། ཆར་ཆུ་དུས་ལྟར་འབབ་ཅིང་། སྐྱེ་རྒུ་ཇི་སྲིད་དུ་འཕེལ་ཞིང་རྒྱས་བའི་སྨོན་འདུན་ཞུས། 

པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མ་ཕམ་གཡུ་མཚོའི་མཆོད་འབུལ་སྟེགས་བུར་བཞུགས་ཡོད་པ།

གངས་རིན་པོ་ཆེ།

མ་ཕམ་གཡུ་མཚོ།
          ལྷ་མཚོར་མཆོད་འབུལ་གྱི་མཛད་སྒོའི་རྗེས་སུ། པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་ཁྲིར་བཞུགས་ནས་དགེ་འདུན་པ་རྣམས་ལ་《སྐྱབས་འགྲོའི་རྗེས་གནང》གི་གསུང་ཆོས་གནང་བ་དང་། དགེ་འདུན་པ་རྣམས་ཀྱི་སྣེ་ཁྲིད་ནས་གསུང་ཆོས་གནང་སྟེ་གསོལ་བ་སྨོན་ལམ་བཏབ། པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་གིས་ཕྱག་ཟུང་ཐལ་མོ་སྦྱོར་བཞིན་འཛམ་གླིང་ཞི་བདེ་དང་། སེམས་ཅན་ཐམས་ཅད་བདེ་བ་དང་ལྡན་པའི་སྨོན་ལམ་དང་གསོལ་བ་རྩེ་གཅིག་ཏུ་བཏབ། 

པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་གིས་དགེ་འདུན་པ་རྣམས་ཀྱི་སྣེ་དྲངས་ཏེ་ཆོས་གསུང་ནས་གསོལ་འདེབས་ཞུ་བ།

པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་གིས་དགེ་འདུན་པ་རྣམས་ཀྱི་སྣེ་དྲངས་ཏེ་ཆོས་གསུང་ནས་གསོལ་འདེབས་ཞུ་བ། 
          སངས་རྒྱས་ཆོས་ལུགས་ལ་ལྷོད་མེད་བརྩོན་ཞིབ་དང་སྒྲུབ་སྦྱོང་ཉམས་ལེན་ལ་འབད་པ་གནང་བ། ཆོས་ཀྱི་དགོངས་དོན་ལ་རྒྱུས་ལོན་ཟབ་མོ་བྱུང་རྗེས། པཎ་ཆེན་རིན་པོ་ཆེ་ནི་བོད་བརྒྱུད་ནང་བསྟན་ལས་རིགས་སུ་དགེ་འདུན་པ་དང་དད་ལྡན་མང་ཚོགས་ཀྱིས་གོང་བཀུར་ཆེན་པོ་བྱེད་པའི་སྤྲུལ་སྐུ་ཆེན་པོར་གྱུར་པ་དང་། རྒྱ་ཆེའི་དད་ལྡན་མང་ཚོགས་ཀྱི་གུས་བརྩི་ཆེན་པོ་ཐོབ།
          པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་ཁྲུས་སྒོ་དགོན་དུ་ཕེབས་པ་ཐོས་རྗེས། ས་གནས་དེ་གའི་དད་ལྡན་མང་ཚོགས་ཀྱིས་ཧ་ཅང་བསྐལ་བ་བཟང་པོ་ཡིན་པར་འདོད་པ་དང་། ལུས་སུ་དུས་ཆེན་གྱི་གཟབ་མཆོར་སྤྲས་ནས། ཕྱོགས་བཞི་མཚམས་བརྒྱད་ནས་གཅིག་རྗེས་གཉིས་མཐུད་དུ་ཁྲུས་སྒོ་དགོན་པར་ཐོན། གྲལ་བསྒྲིགས་ནས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པས་དད་ལྡན་མང་ཚོགས་ལ་མཇལ་ཁ་གནང་བར་སྒུག་ཡོད། འདི་འདྲའི་བསྐལ་བཟང་གི་ཉིན་མོར་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པའི་ཞལ་རས་བྱམས་བརྩེ་དང་མཛུམ་མདངས་ཀྱིས་ཕྱུག་ཅིང་། དད་ལྡན་མང་ཚོགས་ལ་མཇལ་ཁ་གནང་བཞིན་ཡོད་པས།  སྤྲུལ་སྐུ་ཁོང་གི་བྱམས་དང་བརྩེ་བའི་ཁྱད་ཆོས་ངང་གིས་མཐོང་ཐུབ། 

དད་ལྡན་མང་ཚོགས་ཀྱིས་འཁོར་ཆགས་དགོན་པར་གྲལ་བསྒྲིགས་ནས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པར་ཕེབས་བསུ་ཞུ་བ།
          ཟླ་7པའི་ཚེས་22ཉིན། པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་བོད་བརྒྱུད་ནང་བསྟན་ས་སྐྱ་པའི་མིང་དུ་གྲགས་པའི་དགོན་སྡེ་འཁོར་ཆགས་དགོན་པར་ཆོས་མཇལ་དུ་ཕེབས། འཁོར་ཆགས་དགོན་པ་ནི་མངའ་རིས་ས་ཁུལ་གྱི་སྤུ་ཧྲེངས་རྫོང་གི་ཁོངས་སུ་ཡོད་ཅིང་། ལོ་ཙཱ་བ་རིན་ཆེན་བཟང་པོས་སྤྱི་ལོ་996ལོར་གཙོ་འགན་བཞེས་ནས་བཞེངས་པ་ཞིག་ཡིན་ལ། ད་བར་ལོ་ངོ་ཆིག་སྟོང་ལྷག་གི་ལོ་རྒྱུས་ཡོད།

དད་ལྡན་མང་ཚོགས་ཀྱིས་འཁོར་ཆགས་དགོན་དུ་སྤྲོ་སེམས་འཁོལ་བའི་ངང་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་ཕེབས་བསུ་ཞུ་བ།
          ཞོགས་པར། པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་འཁོར་དང་བཅས་པ་འཁོར་ཆགས་དགོན་པར་སླེབས། འཁོར་ཆགས་དགོན་པའི་དགེ་འདུན་པ་རྣམས་ཀྱིས་སྲོལ་རྒྱུན་གྱི་ཆོ་ག་ཕྱག་ལེན་ལྟར།  བསང་མཆོད་བྱས་ཏེ་ཆོས་དུང་བུས། ལུས་སུ་བོད་ཀྱི་སྲོལ་རྒྱུན་གྱི་གཟབ་མཆོར་སྤྲས་པའི་དད་ལྡན་མང་ཚོགས་ཀྱིས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པར་བཀྲ་ཤིས་བདེ་ལེགས་ཀྱི་མཚོན་བྱེད་དུ་གྱུར་པའི་གྲོ་སོ་ཕྱེ་མར་དང་དྭངས་གཙང་གི་ཁ་བཏགས་དཀར་པོ་ཕུལ་བ་དང་། ས་གནས་དེ་གའི་ཆེས་གཟབ་རྒྱས་ཀྱི་མཛད་སྒོ་ལྟར་པཎ་ཆེན་ལ་ཕེབས་བསུ་ཞུས། 

པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པས་ཆོས་གསུངས་ཏེ་གསོལ་འདེབས་ཞུ་བ། 
          པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་འཁོར་ཆགས་དགོན་པར་སླེབས་རྗེས། འཁོར་ཆགས་དགོན་པའི་འདུ་ཁང་གཙོ་བོ་དང་ཚོགས་ཆེན་འདུ་ཁང་། སྒྲོལ་མའི་ལྷ་ཁང་། བྱམས་ཁང་། མགོན་ཁང་། སངས་རྒྱས་རབས་བདུན་ལྷ་ཁང་བཅས་རེ་རེ་བཞིན་མཇལ། དེ་ནས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་འདུ་ཁང་ཆེན་མོའི་མདུན་དུ་སླེབས་རྗེས། དལ་མོའི་ངང་བཞུགས་ཁྲིར་བཞུགས་ནས་དད་ལྡན་མང་ཚོགས་ལ་《ལམ་གཙོ་རྣམ་གསུམ》དང་《སྐྱབས་འགྲོའི་རྗེས་གནང》སོགས་གསུངས། ད་དུང་མང་ཚོགས་ཀྱི་སྣེ་དྲངས་ཏེ་ཆོས་གསུངས་ནས་གསོལ་འདེབས་ཞུ་བ་དང་། དད་པ་རྩེ་གཅིག་གི་སྒོ་ནས་སེམས་ཅན་ཐམས་ཅད་བདེ་བ་དང་ལྡན་པའི་སྨོན་འདུན་ཞུས།  

འཁོར་ཆགས་དགོན་པའི་བླ་མ་སྐྱེས་ཆེན་རྣམ་པས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པར་སྐུ་འདྲ་དང་ཆོས་དཔེ་འབུལ་བ།
          གསུང་ཆོས་གནང་ཚར་རྗེས། པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པས་དགོན་པའི་ཀ་དཀར་ལྷ་ཁང་གི་མདུན་དུ་ཁྲིར་བཞུགས་ནས་སྔ་ས་ནས་དེར་སྒུག་ནས་བསྡད་ཡོད་པའི་སྐྱ་སེར་དད་ལྡན་མང་ཚོགས་ལ་མཇལ་ཁ་གནང་བ། 

པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པས་དད་ལྡན་མང་ཚོགས་ལ་མཇལ་ཁ་གནང་བ།
 
དད་ལྡན་མང་ཚོགས་ཀྱི་ལག་ཏུ་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པའི་སྐུ་འདྲ་བཟུང་ཡོད་པ། 
          འཁོར་ཆགས་གྲོང་ཚོའི་གྲོང་མི་སྤེན་པ་བཀྲ་ཤིས་ནི་ད་ལོར་དགུང་ལོ་77ལ་སླེབས་ཡོད། ལས་བྱེད་པའི་རོགས་རམ་འོག་མྱུར་དུ་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པར་མཇལ་ཐུབ་སོང་། ཁོང་གིས་བརྗོད་དོན། “འདི་ནི་ང་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པར་མཇལ་ཐེངས་གཉིས་པ་ཡིན། དེ་རིང་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པའི་མཇལ་ཁ་ཐོབ་པས་སེམས་སུ་དགའ་སྤྲོ་ཆེན་པོ་སྐྱེས། ད་དུང་ཐེངས་མང་པོར་མཇལ་ཐུབ་པའི་རེ་སྒུག་ཡོད།”ཅེས་ཟེར།