ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

མཚོ་ལྷོ་དག་པའི་ཞིང་ཡིན། མཇལ་འཛོམས་ལས་ཀྱི་རྒྱན་ཡིན།

སྤེལ་དུས 2019-08-22 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། དོན་ཚེ།
        ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། 2019ལོའི་ཟླ8པའི་ཚེས19ཉིན་ནས་ཚེས21ཉིན་བར། མཚོ་ལྷོ་ཁུལ་གྱི་སྐབས་བཞི་བའི་བོད་ཀྱི་རྒྱན་གོས་རིག་གནས་སྒྱུ་རྩལ་དུས་ཆེན་ནམ། བོད་ཀྱི་རྒྱན་གོས་འགྲེམ་སྟོན་ཚོགས་འདུ་གུང་ཧོ་རྫོང་ཆབ་ཆ་གྲོང་རྡལ་མཁར་བྱང་ཁུལ་རིག་གནས་བརྒྱུད་སྒྲོག་ལྟེ་གནས་ཐང་ཆེན་དུ་གཟབ་རྒྱས་ངང་ཚོགས།

        ཟི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་དང་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ། ཀན་སུའུ་ཞིང་ཆེན་དཔའ་རིས་བོད་རིགས་རང་སྐྱོང་རྫོང་། རང་རེའི་ཞིང་ཆེན་གྱི་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་སོགས་བོད་རིགས་ས་ཁུལ་དང་རྫོང་ལྔའི་རྒྱན་གོས་འགྲེམ་སྟོན་རུ་ཁག་གམ། རྒྱན་གོས་ཁེ་ལས་སོགས་བསྡོམས་པས་རུ་ཁག24ཡིས་གར་སྟེགས་སྟེང་ནས་རྒྱན་གོས་འགྲེམ་སྟོན་བྱས་པ་དང་། བོད་ཀྱི་སྲོལ་རྒྱུན་རྒྱན་གོས་དང་དེང་རབས་རྒྱན་གོས་སོགས་དུས་མཉམ་དུ་འགྲེམ་སྟོན་བྱས་པ་མ་ཟད། མཚོ་ལྷོ་ས་ཁུལ་གྱི་གླུ་བ་གླུ་མ་གདན་འདྲེན་ཞུས་ནས་རྒྱན་གོས་འགྲེམ་སྟོན་སྟེང་རིག་རྩལ་འཁྲབ་སྟོན་གྱ་ནོན་པ་བྱས།

        རྒྱན་གོས་ནི་ལུས་སྟེང་གི་སྒྱུ་རྩལ་ཡིན་པ་དང་། ལུས་སྟེང་དུ་བྲིས་པའི་ལོ་རྒྱུས་ཀྱང་ཡིན། དེས་དུས་སྐབས་ཤིག་གི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་དང་། བསམ་བློ་རིག་གནས་རྒྱུད་འཛིན། རིན་ཐང་ལྟ་ཚུལ་སོགས་ཀྱི་འཕོ་འགྱུར་མཚོན་ཡོད་པ་མ་ཟད། ངལ་རྩོལ་མི་དམངས་ཀྱི་བློ་རིག་ཀྱང་མཚོན་ཐུབ།

        ཉེ་བའི་ལོ་འགའི་རིང་། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཏང་ཨུ་དང་ཁུལ་མི་དམངས་སྲིད་གཞུང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་། ཏང་གི་འཐུས་མི་ཚོགས་ཆེན་ཐེངས19པའི་དགོངས་དོན་མཛུབ་སྟོན་དུ་བྱས་ཏེ། “ལྔ་བཞིའི་ཐབས་ཇུས”གཏིང་ཟབ་སྒོས་ལག་བསྟར་བྱེད་པ་དང“དམིགས་བསལ་གཅིག་དང་མཐོ་བ་གཉིས”རྒྱུན་འཁྱོངས་བྱེད་པ། དུས་དང་རྣམ་པ་ཀུན་ཏུ་མི་རིགས་ཀྱི་རྒྱན་གོས་རིག་གནས་རྒྱུད་འཛིན་དང་དར་སྤེལ་བྱེད་པ་ནི་མི་རིགས་ཀྱི་རིག་གནས་ཡིད་ཆེས་ཇེ་མཐོར་གཏོང་བའི་ཐབས་ལམ་ཞིག་ཏུ་བཞག་ནས། ས་གནས་རིག་གནས་ཀྱི་སྤུས་ཚད་ཇེ་མཐོར་གཏོང་བ་དང་མི་རིགས་ས་ཁུལ་གྱི་རྒྱན་གོས་མིང་རྟགས་གསར་སྐྲུན་བྱེད་པ་སོགས་མཚོ་ལྷོ་ཁུལ་གྱི་སྤྱི་ཚོགས་དཔལ་འབྱོར་དང་བྱ་གཞག་སོགས་ཕྱོགས་གང་ཅིའི་ཐད་ནས་རྒྱུན་འཁྱོངས་དང་བདེ་བླག  མགྱོགས་མྱུར་ངང་འཕེལ་རྒྱས་འགྲོ་བའི་སྒུལ་ཤུགས་ཞིག་ཏུ་རྩིས་ཡོད།

        ནུས་ཤུགས་ཡོད་དགུ་བཏོན་ནས་ཐེངས་འདིའི་བོད་ཀྱི་རྒྱན་གོས་འགྲེམ་སྟོན་བྱས་པར། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ70ནང་། ཏང་གི་ཡང་དག་པའི་འགོ་ཁྲིད་འོག གནམ་ས་བླ་འོག་བརྗེ་བ་ལྟ་བུའི་གྲུབ་འབྲས་བླངས་བར་བསྟོད་གླུ་ལེན་པ་དང་། ཁུལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་མང་ཚོགས་མཐུན་སྒྲིལ་འཆམ་མཐུན་དང་། ཡར་རྒྱས་གོང་འཕེལ་དུ་འགྲོ་བཞིན་པའི་གནས་བབ་འགྲེམ་སྟོན་བྱེད་པ། ནང་དོན་ཕུན་སུམ་ཚོགས་པ་དང་རྣམ་པར་བཀྲ་བའི་བོད་ཀྱི་རྒྱན་གོས་རིག་གནས་འགྲེམ་སྟོན་བྱས་པ་སོགས་དུས་རབས་གསར་བའི་བོད་ཀྱི་ཕུལ་བྱུང་རིག་གནས་གྲུབ་འབྲས་དར་སྤེལ་བྱས་ཏེ། བོད་ཀྱི་རྒྱན་གོས་རིག་གནས་མིང་རྟགས་གསར་སྐྲུན་བྱེད་པ་དང་། ཁེ་ལས་བར་གྱི་བསམ་བློ་བརྗེ་རེས་དང་མཉམ་འབྲེལ་ཐད་ཤུགས་བསྣན་ནས་མཉམ་གཅིག་ཏུ་རྒྱན་གོས་རིག་གནས་འདི་ཇེ་རྒྱས་ཇེ་ལེགས་སུ་གཏོང་དགོས།