ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

མཚོ་ལྷོ་ཁུལ་བོད་རིགས་རྒྱན་གོས་རིག་གནས་དུས་ཆེན་དང་བོད་རིགས་རྒྱན་གོས་འགྲེམ་སྟོན་ཚོགས་འདུ་བདེ་བླག་ངང་མཇུག་སྒྲིལ།

སྤེལ་དུས 2019-08-23 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། དོན་ཚེ།

        ཀྲུང་གོའི་བོད་ལྗོངས་དྲ་བ། ཟླ8པའི་ཚེས21ཉིན་གྱི་དགོང་མོ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་སྐབས་བཞི་བའི་བོད་ཀྱི་རྒྱན་གོས་རིག་གནས་སྒྱུ་རྩལ་དུས་ཆེན་དང་བོད་ཀྱི་རྒྱན་གོས་འགྲེམ་སྟོན་ཚོགས་འདུ་དེ་ཞིང་ཆེན་རིག་གནས་ཡུལ་སྐོར་ཐིན་དང་། ཞིང་ཆེན་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་སོགས་ཞིང་ཆེན་རིམ་པའི་འབྲེལ་ཡོད་ཐིན་ཅུའུ་ཡིས་རྒྱབ་སྐྱོར་ཆེན་པོ་དང་། ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་གི་ཐུགས་ཁུར་ཆེན་པོ། གྲོང་ཁྱེར་དང་ཁུལ། རྫོང་ལྔའི་ཏང་ཨུ་དང་སྲིད་གཞུང་གི་རྒྱབ་སྐྱོར་དང་རོགས་རམ་ཆེན་པོ། ཕྱོགས་སོ་སོའི་རྩ་འཛུགས་དང་ལས་བྱེད་མི་སྣ་ཡོངས་ཀྱི་འབད་བརྩོན་འོག བྱ་བ་ཐམས་ཅད་ལེགས་གྲུབ་བྱུང་ནས་བདེ་བླག་ངང་མཇུག་སྒྲིལ།

        སྐབས་བཞི་བའི་བོད་ཀྱི་རྒྱན་གོས་རིག་གནས་སྒྱུ་རྩལ་འགྲེམ་སྟོན་དུས་ཆེན་ནི་བོད་ཀྱི་རྒྱན་གོས་འཁྲབ་སྟོན་དང་བོད་ཀྱི་རྒྱན་གོས་འགྲེམ་སྟོན། རྒྱན་གོས་ཉོ་འཚོང་བརྗེ་རེས་སོགས་བྱེད་པའི་སྟེགས་བུ་ཆེན་པོ་ཞིག་ཡིན་ལ། ཐེངས་འདིའི་བྱ་འགུལ་བརྒྱུད་ནས་དག་གཙང་གི་མཚོ་ལྷོའི་མཚན་སྙན་རྒྱས་ཤིང་། མི་རིགས་མཐུན་སྒྲིལ་དང་ཡར་རྒྱས་བརྩོན་སེམས་ལྡན་པའི་མཚོ་ལྷོའི་སྣང་བརྙན་གསར་བཞེངས་གནང་བ་འདིས་མི་སེམས་ལ་བག་ཆགས་ཟབ་མོ་ཞིག་བཞག ཐོག་མར། དེང་རབས་རྒྱན་གོས་ཇུས་འགོད་གསར་བསྐྲུན་གསེར་གྱི་བྱ་དགའ་ཐོབ་མཁན་ཡུལ་ཤུལ་ཁུལ་ཟླ་དགའ་སྒྲོལ་མ་གྱོན་ཆས་ཚད་ཡོད་འགན་འཁྲི་ཀུང་ཟི་དང་། དངུལ་གྱི་བྱ་དགའ་ཐོབ་མཁན་སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་ནོར་བུ་དགའ་འཁྱིལ་སྲོལ་རྒྱུན་རྒྱན་གོས་རྒྱན་བརྒྱུད་སྦྱོང་ཁང་། ཟངས་ཀྱི་བྱ་དགའ་ཐོབ་མཁན་མཚོ་ལྷོ་ཁུལ་བཀྲ་ཆུ་རིག་གནས་ཐོན་ལས་ཚད་ཡོད་ཀུང་ཟི་བཅས་ལ་བྱ་དགའ་གནང་བ་དང་། དེ་ནས། ཕུལ་བྱུང་རྒྱུད་འཛིན་པའི་བྱ་དགའ་ཐོབ་མཁན་དང་ཕུལ་བྱུང་འཁྲབ་སྟོན་བྱ་དགའ་ཐོབ་མཁན། ཆེས་མཛེས་བའི་གྱོན་གོས་བྱ་དགའ་ཐོབ་མཁན་ཁྲི་ཀ་རྫོང་གྱོན་གོས་འཁྲབ་སྟོན་རུ་ཁག་དང་གུང་ཧོ་རྫོང་གྱོན་གོས་འཁྲབ་སྟོན་རུ་ཁག ཀན་ལྷོ་ཁུལ་གྱོན་གོས་འཁྲབ་སྟོན་རུ་ཁག་བཅས་ལ་བྱ་དགའ་གནང་། རྗེས་ནས། སྲོལ་རྒྱུན་གྱོན་གོས་ཕུལ་བྱུང་རྩ་འཛུགས་བྱ་དགའ་ཐོབ་མཁན་ཞིན་ཧེ་རྫོང་དང་ཀོས་ནན་རྫོང་། ཐུན་ཏེ་རྫོང་། ཡུལ་ཤུལ་ཁུལ། ཀན་སུའུ་དཔའ་རིས་རྫོང་བཅས་ལ་བྱ་དགའ་གནང་བ་མ་ཟད། དེང་རབས་གྱོན་གོས་ཕུལ་བྱུང་ཤོམ་འགྲོའི་བྱ་དགའ་ཐོབ་མཁན་ཞིན་ཧེ་རྫོང་རྒྱ་མཚོ་རིག་གནས་བརྙན་རིས་ཚད་ཡོད་ཀུང་ཟིའི་ནམ་མཁའ་རྒྱལ་དང་། ཕུལ་བྱུང་ཇུས་འགོད་བྱ་དགའ་ཐོབ་མཁན་ནི་ཨ་མ་ལོ་ལོ་བོད་རིགས་བྱིས་པའི་གྱོན་གོས་ཚད་ཡོད་ཀུང་ཟིའི་གཡང་འབུམ་རྒྱལ། མཚོ་ལྷོ་ཁུལ་ཕྲུག་ཐེབ་རྒྱ་བོད་ཀྱི་རིག་གནས་འཕེལ་རྒྱས་ཚད་ཡོད་ཀུང་ཟིའི་རྒྱ་གོ་རྒྱལ། ཀོས་ནན་རྫོང་གངས་ལྷ་མེ་ཏོག་མི་རིགས་གྱོན་གོས་ཚད་ཡོང་ཀུང་ཟིའི་ཚེ་རིང་རྒྱལ་བཅས་ལ་བྱ་དགའ་གནང་། མཐར། སྐོར་བྲོ་འགྲན་བསྡུར་གྱི་བྱ་དགའ་ཨང་དང་པོ་དང་གཉིས་པ། གསུམ་པ། ཕུལ་བྱུང་རྩ་འཛུགས་བྱ་དགའ་ཐོབ་མཁན་ཞིན་ཧེ་རྫོང་། ཀོས་ནན་རྫོང་། ཐུན་ཏེ་རྫོང་། ཁྲི་ཀ་རྫོང་། གུང་ཧོ་རྫོང་བཅས་ལ་བྱ་དགའ་གནང་།

        དེ་མིན། སྒྲ་སྙན་རྡུང་ལེན་གྱི་ཞིང་ཆེན་རིམ་པའི་རྒྱུད་འཛིན་པ་རྡོ་རྗེ་ཚེ་བྷེ་དང་ཀརྨ། བོད་ཀྱི་ལ་གཞས་ཀྱི་ཞིང་ཆེན་རིམ་པའི་རྒྱུད་འཛིན་པ་ཚེ་དཔལ་སྐྱབས་དང་ལྕགས་མོ་རྒྱལ། བོད་ཀྱི་གཙགས་དྲུབ་ཀྱི་ཞིང་ཆེན་རིམ་པའི་རྒྱུད་འཛིན་པ་རྡོ་རྗེ་མཚོ། བོད་ཀྱི་བཙིར་འགྱིག་གི་ཞིང་ཆེན་རིམ་པའི་རྒྱུད་འཛིན་པ་ཟླ་བ་ཐར་བཅས་དང་། བོད་ཀྱི་རྒྱན་གོས་ཀྱི་རྒྱལ་ཁབ་རིམ་པའི་རྒྱུད་འཛིན་པ་འཇམ་དབྱངས་སྒྲོལ་མ་དང་། ཁྲི་ཀའི་སྲང་གཞུག་རྩེད་རིག་གི་རྒྱལ་ཁབ་རིམ་པའི་རྒྱུད་འཛིན་པ་ལྷ་མོ། མ་ཎི་དབྱངས་མགུར་གྱི་རྒྱལ་ཁབ་རིམ་པའི་རྒྱུད་འཛིན་པ་བསོད་ནམས་སྒྲོལ་མ་བཅས་ལ་སྐབས་གསུམ་པའི་ཞིང་ཆེན་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་རྒྱུད་འཛིན་པའི་ལག་རྟགས་གནང་།

        འདི་ལྟ་བུའི་བཀྲ་ཤིས་པའི་ཉིན་མོ་དམིགས་སུ་བཟུང་སྟེ། མཚོ་ལྷོ་ཁུལ་གྱི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་ལྟས་མཚན་ངོམ་པར་བཀྲ་བའི་ལོ་རབས་ལ་ཕྱིར་མིག་དང་འབྲས་བུ་ཕུན་སུམ་ཚོགས་པའི་བྱས་རྗེས་ལ་བསྟོད་བསྔགས་བྱས། འདས་པའི་ལོ་ངོ་མང་པོའི་རིང་ལ་མཚོ་ལྷོ་ཁུལ་གྱི་རིག་གནས་སྡེ་ཁག་གི་ལས་བྱེད་མི་སྣས་གཟུགས་འདས་ཤུལ་བཞག་རིག་གནས་འཛིན་སྐྱོང་སྤེལ་གསུམ་གྱི་ཐད་ལ་འབད་བརྩོན་ལྷོད་མེད་བྱས་པས་འབྲས་བུ་གཡུར་དུ་ཟ་བ་བླངས་ཤིང་། རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་རྣམ་གྲངས་གྲས་སུ་ཚུད་ཡོད།