ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

བོད་ཀྱི་དམངས་གླུ་འགྲན་སྡུར་སྐབས་གཉིས་པའི་བྱ་དགའ་གནང་བའི་དགོང་ཚོགས་གནའ་མཁར་ཟི་ལིང་ནས་མཇུག་སྒྲིལ།

སྤེལ་དུས 2019-09-02 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། དོན་ཚེ།

དགོང་ཚོགས་ཀྱི་མདོ་མཛིན་པ།
        ཀྲུང་གོའི་བོད་ལྗོངས་དྲ་བ། ཨ་མདོ་བརྙན་འཕྲིན་གྱིས་གཙོ་སྒྲུབ་དང་། མཚོ་སྔོན། ཀན་སུའུ། སི་ཁྲོན་བཅས་ཞིང་ཆེན་གསུམ་གྱི་ཁུལ་བརྙན་འཕྲིན་ལས་ཁུངས་བརྒྱད་ཀྱིས་རོགས་སྒྲུབ་གནང་བའི་བོད་ཀྱི་དམངས་གླུ་འགྲན་སྡུར་སྐབས་གཉིས་པ་དེ་ཟླ་ངོ་གསུམ་ལྷག་གི་རིང་ལ་འགྲན་ཁུལ་བརྒྱད་ནས་ཛ་དྲག་ཆེ་བའི་འགྲན་སྡུར་རབ་དང་རིམ་པ་བརྒྱུད་མཐར་ཉེ་ཆར་བསྐྱར་འགྲན་ཁྲོད་ཚུད་པའི་གླུ་བ་གླུ་མ་རྣམས་ཟི་ལིང་ལ་འཛོམས་ནས་མཇུག་མཐའི་བསྐྱར་འགྲན་དང་རྟིང་རྩོད་ཀྱི་འགྲན་སྡུར་སྤེལ་ཅིང་། སྤྱི་ཟླ་8པའི་ཚེས་30དགོང་མོར། བོད་ཀྱི་དམངས་གླུ་འགྲན་སྡུར་སྐབས་གཉིས་པའི་བྱ་དགའ་གནང་བའི་དགོང་ཚོགས་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་འཁྲབ་སྟོན་ཚོམས་ཆེན་ནས་གཟབ་རྒྱས་ངང་བསྡུས་ཏེ་ཐེངས་འདིའི་བོད་ཀྱི་དམངས་གླུ་འགྲན་སྡུར་ཡོངས་སུ་མཇུག་བསྡུས།
        དགོང་ཚོགས་སྟེང་ཡིད་དབང་འཕྲོག་པའི་དམངས་གླུའི་འགྱུར་ཁུག་སྙན་མོའི་བར་མཚམས་རེ་རེ་ནས་རིམ་པ་བཞིན་དུ་ཐེངས་འདིའི་འགྲན་སྡུར་ཁྲོད་བྱ་དགའ་ཐོབ་མཁན་གྱི་གླུ་བ་གླུ་མའི་མིང་ཐོ་གསལ་བསྒྲགས་གནང་སྟེ་བྱ་དགའ་བསྩལ།
        ཨ་མདོ་བརྙན་འཕྲིན་གྱི་བོད་ཀྱི་དམངས་གླུ་འགྲན་སྡུར་ནི། བོད་ཀྱི་དམངས་གླུ་དང་དམངས་གླུའི་རིག་གནས་ཉམས་པ་སླར་གསོ་དང་མ་ཉམས་གོང་འཕེལ་གཏོང་བ་ལ་དམིགས་ནས། རྒྱ་ཆེ་བའི་དམངས་ཁྲོད་གླུ་བ་གླུ་མ་དག་ལ་ཆེད་དུ་བསྐྲུན་པའི་གར་སྟེགས་ཤིག་ཡིན་ཅིང་། ད་ལྟའི་བར་སྔ་ཕྱིར་ཐེངས་གཉིས་ལ་སྤེལ་ནས་བོད་ཀྱི་དམངས་གླུ་དང་དམངས་གླུའི་རིག་གནས་རྒྱུད་འཛིན་དར་སྤེལ་ལ་ནུས་པ་སྔ་ན་མེད་པ་ཞིག་ཐོན་དང་འདོན་བཞིན་ཡོད་པར་མ་ཟད།  རྒྱ་ཆེའི་ལྟ་མཁན་ཡོངས་ཀྱིས་ཆེས་དགའ་བསུ་ཐོབ་བཞིན་པའི་བརྙན་འཕྲིན་རིག་རྩལ་ལེ་ཚན་ཞིག་ཏུ་གྱུར་ཡོད་པ་རེད།
        བོད་ཀྱི་དམངས་གླུ་འགྲན་སྡུར་སྐབས་གཉིས་པ་དེ་ཨ་མདོ་བརྙན་འཕྲིན་གྱིས་གཙོ་སྒྲུབ་དང་། རྔ་བ་ཁུལ་རྒྱང་སྒྲོག་བརྙན་འཕྲིན་ཁང་། ཀན་ལྷོ་རྒྱང་སྒྲོག་བརྙན་འཕྲིན་ཁང་། མཚོ་ནུབ་རྒྱང་སྒྲོག་བརྙན་འཕྲིན་ཁང་། མཚོ་ལྷོ་ཁུལ་བརྙན་འཕྲིན་ཁང་། རྨ་ལྷོ་ཁུལ་བརྙན་འཕྲིན་ཁང་། མཚོ་བྱང་ཁུལ་བརྙན་འཕྲིན་ཁང་། མགོ་ལོག་ཁུལ་བརྙན་འཕྲིན་ཁང་། དཔའ་རིས་བོད་རིགས་རང་སྐྱོང་རྫོང་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་བཅས་ཀྱིས་རོགས་སྒྲུབ་གནང་བའི་བོད་ཀྱི་དམངས་གླུའི་འགྲན་ཚོགས་ཆེན་མོ་ཞིག་ཡིན་ཅིང་། འགྲན་ཚོགས་ལ་ཟི་ཁྲོན་འགྲན་ཁུལ་ནས་འགྲན་ཞུགས་པ19དང་། ཀན་ལྷོ་འགྲན་ཁུལ་ནས་འགྲན་ཞུགས་པ39 མཚོ་ལྷོ་འགྲན་ཁུལ་ནས་འགྲན་ཞུགས་པ49 རྨ་ལྷོ་འགྲན་ཁུལ་ནས་འགྲན་ཞུགས་པ36 མཚོ་ནུབ་འགྲན་ཁུལ་ནས་འགྲན་ཞུགས་པ37 མཚོ་བྱང་འགྲན་ཁུལ་ནས་འགྲན་ཞུགས་པ41 མགོ་ལོག་འགྲན་ཁུལ་ནས་འགྲན་ཞུགས་པ26 དཔའ་རིས་འགྲན་ཁུལ་གྱི་འགྲན་ཞུགས་པ59བཅས་ཁྱོན་བསྡོམས་འགྲན་ཞུགས་པ306ཞུགས་ཡོད་པ་རེད། མཚོ་སྔོན་དང་ཀན་སུའུ། ཟི་ཁྲོན་བཅས་ཞིང་ཆེན་གསུམ་གྱི་འགྲན་ཁུལ་བརྒྱད་ནས་འགྲན་ཞུགས་པ་སུམ་བརྒྱ་ལྷག་ཞུགས་ཡོད་པའི་བོད་ཀྱི་དམངས་གླུ་འགྲན་སྡུར་སྐབས་གཉིས་པ་དེ་སྤྱི་ཟླ6 པའི་ཚེས18ཉིན་མཚོ་ལྷོ་འགྲན་ཁུལ་ནས་ཐོག་མར་མགོ་བརྩམས་ཏེ་འགྲན་ཁུལ་སོ་སོ་ནས་ཛ་དྲག་ཆེ་བའི་འགྲན་སྡུར་རབ་དང་རིམ་པ་བརྒྱུད་མཐར་སྤྱི་ཟླ8པའི་ཚེས29་ཉིན་དྲུག་གི་རིང་ལ་གནའ་མཁར་ཟི་ལིང་ནས་བསྐྱར་འགྲན་དང་རྟིང་རྩོད་ཀྱི་རིམ་པ་སོགས་བརྒྱུད་དེ་བོད་ཀྱི་དམངས་གླུ་འགྲན་སྡུར་སྐབས་གཉིས་པའི་འགྲན་སྡུར་གྱི་བརྒྱུད་རིམ་ཆ་ཚང་ཡོངས་རྫོགས་ལེགས་པར་གྲུབ་ནས་བྱ་དགའ་གནང་བའི་དགོང་ཚོགས་སྟེང་གླུ་བ་གྲགས་ཅན་གླུ་གར་རྒྱལ་གྱི་སྐད་ངག་སྙན་མོའི་འགྱུར་ཁུག་གི་ཁྲོད་ནས་དངོས་སུ་མགོ་བརྩམས་ཤིང་། བོད་མདོ་དབུས་ཁམས་གསུམ་གྱི་ས་གནས་སོ་སོའི་དམངས་གླུའི་རྒྱུད་འཛིན་པ་དང་དམངས་གླུ་གཏོང་མཁན་གྲགས་ཅན། ཐེ་བོའི་གླུ་བ་རྡོ་རྗེ་བཀྲ་ཤིས་དང་ཁམས་བྲག་མགོའི་གླུ་མ་སྐྱིད་བྱམས། བོད་ལྗོངས་ཉིང་ཁྲིའི་གླུ་མ་ཚེ་རིང་གཡང་འཛོམས། ཡུལ་ཤུལ་གྱི་གླུ་མ་པདྨ་གཡང་སྐྱིད། དཔའ་རིས་གླུ་མ་རྒྱ་ཏིག་སྒྲོལ་མ། དེ་མིན་བོད་ཀྱི་དམངས་གླུ་འགྲན་སྡུར་སྐབས་དང་པོའི་སྟེང་བྱ་དགའ་ཨང་དང་པོ་ཐོབ་མཁན་གྱི་མཚོ་ལྷོའི་གླུ་བ་སྟོབས་ཆེན་རྒྱལ་སོགས་སྔ་རྗེས་སུ་གར་སྟེགས་ལ་བུད་ནས། རང་རང་ས་ཆའི་ཁྱད་ཆོས་ཀྱིས་ཀུན་ནས་ཕྱུག་པའི་དམངས་གླུ་སྙན་མོ་ལྷང་ལྷང་བཏང་བས་དགོང་ཚོགས་ཧྲིལ་བོ་བོད་ཀྱི་དམངས་གླུའི་ཁྱད་མཚར་བའི་འགྱུར་ཁུག་འབའ་ཞིག་གི་ཁྲོད་ནས་བསྐྱལ་ཅིང་། ཡུལ་དངོས་ཀྱི་ལྟད་མོ་བའི་དགའ་བསུ་ཆེན་པོ་ཐོབ། །