ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གཅིག་པའི་སྒྲིག་འཛུགས་ཨུ་ལྷན་གྱི་ཚང་འཛོམས་གྲོས་ཚོགས་དང་འཐུས་ཚབ་ཚོགས་པའི་ཚོགས་གཙོའི་གྲོས་ཚོགས་འཚོགས་པ་དང་། པཱ་ཐར་ཚོགས་འདུར་ཕེབས་ནས་གསུང་བཤད་གནང་།

སྤེལ་དུས 2019-09-09 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།

        ཟླ་9ཚེས་8ཉིན། རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གཅིག་པའི་སྒྲིག་འཛུགས་ཨུ་ལྷན་གྱི་ཚང་འཛོམས་གྲོས་ཚོགས་དང་འཐུས་མི་ཚོགས་པའི་ཚོགས་གཙོའི་གྲོས་ཚོགས་ཧོ་ནན་ཞིང་ཆེན་ཀྲེན་ཀྲོའུ་གྲོང་ཁྱེར་དུ་འཚོགས་པ་རེད། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་གཞོན་པ། རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ལྷན་གྱི་ཏང་ཙུའི་ཧྲུའུ་ཅི་དང་ཀྲུའུ་རེན། རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གཅིག་པའི་ཀྲུའུ་ཞི་པཱ་ཐར་ཚོགས་འདུར་ཕེབས་པ་མ་ཟད་གསུང་བཤད་ཀྱང་གནང་བ་རེད། 

        པཱ་ཐར་གྱིས་རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་ནི་རང་རྒྱལ་གྱི་ཁྲིམས་གཏན་འཁེལ་བའི་ལུས་རྩལ་འགྲན་སྡུར་ཞིག་དང་མི་རིགས་ཁག་གི་མི་དམངས་ཀྱིས་མཉམ་དུ་རྟེན་འབྲེལ་དང་མཉམ་རོལ་བྱེད་པའི་དུས་ཆེན་ཞིག་རེད། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མངགས་བཅོལ་ཟབ་མོ་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་རེ་སྒུག་དུས་དང་རྣམ་པ་ཀུན་ཏུ་བློ་ལ་བརྟན་པོར་ངེས་ནས་ལུས་རྩལ་འགྲན་ཚོགས་ཡག་པོ་གཉེར་ཏེ་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་70འཁོར་བར་ལེགས་སྐྱེས་འབུལ་དགོས་ཞེས་ནན་སྟོན་གནང་།
        པཱ་ཐར་གྱིས་སྐབས་འདིའི་ལུས་རྩལ་འགྲན་ཚོགས་ཀྱི་ལས་དོན་ཁག་ལ་ཐོག་མར“ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བའི”བརྗོད་བྱ་གཙོ་བོ་དེ་ཁྱབ་པ་བྱས་ཏེ། ལུས་རྩལ་འགྲན་ཚོགས་དེ་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་དར་སྤེལ་གཏོང་བ་དང་ཀྲུང་ཧྭ་མི་རིགས་ཀྱི་མཐུན་སྒྲིལ་ཆེན་མོར་སྐུལ་འདེད་གཏོང་བའི་འདུ་ཚོགས་ཤིག་ཏུ་བསྒྲུབ་དགོས་པ་དང་། ཀྲུང་ཧྭ་མི་རིགས་ཀྱིས་བློ་སེམས་གཅིག་མཐུན་གྱིས་ཀྲུང་གོའི་ཕུགས་འདུན་མཉམ་དུ་གཏོད་པའི་རྣམ་པ་བཟང་པོ་ཞིག་ཆགས་པ་བྱེད་དགོས་ཞེས་གསུངས་པ་རེད། 
        པཱ་ཐར་གྱིས་གྲ་སྒྲིག་ལས་དོན་ཁག་ཀྲུང་དབྱང་གིས་གཏན་འཁེལ་བྱས་པའི་ཇུས་གཞི་དང་འབྲེལ་ཡོད་དོན་ཚན་ལ་སྔར་བས་དམ་པོར་གཞིགས་ནས་སླར་ཡང་གསེད་བཀྲོལ་དང་སླར་ཡང་ཞིབ་བཤེར་བྱེད་དགོས། འགྲན་བསྡུར་སྒྲིག་འཛུགས་ནུས་ལྡན་དང་གོ་རིམ་ལྡན་པ་བྱེད་དགོས། རྣམ་གྲངས་གཏན་འཁེལ་དང་། མི་གཏན་འཁེལ་བྱེད་པ། འགན་འཁྲི་གཏན་འཁེལ་བྱེད་པ། དུས་ཚོད་གཏན་འཁེལ་བྱེད་པ། སྤུས་ཚད་གཏན་འཁེལ་བྱེད་པ་བཅས་ཀྱི་བླང་བྱ་གཞིར་བཟུང་། ཚན་པ་རེ་རེ་བཞིན་དང་མི་རེ་རེ་བཞིན་ལྟ་སྐུལ་དོན་འཁྱོལ་བྱས་ནས་ལས་དོན་ཚང་མར་དོ་དམ་བྱེད་མཁན་ཡོད་པ་དང་སྒྲུབ་མཁན་ཡོད་པའི་འགན་ལེན་བྱེད་དགོས། ཞབས་ཞུ་འགན་ལེན་བྱ་རྒྱུ་དེ་སྤྲོ་སེམས་ཆེན་པོས་དོན་ཐོག་ཏུ་འཁྱོལ་བ་བྱེད་དགོས། ལས་དོན་ཡག་པོ་སྒྲུབ་པ་དང་། ཞིབ་ཚགས་བྱེད་པ། དངོས་སུ་སྒྲུབ་པ། གནད་ལ་འཁེལ་བ་བཅས་བྱས་ཏེ་ཧུར་བརྩོན་ཆེན་པོས་མཉམ་འདྲེས་ཀྱི་ནུས་པ་མངོན་པ་དང་། དྲོད་ཚད་ཀྱི་ཚོར་སྣང་མངོན་པ། ཕྱོགས་ཁག་གི་མགྲོན་པོ་སྤྲོ་སྣང་འཕེལ་བ་དང་བློ་ཡིད་ཚིམ་པོ་ཡོང་བ་བཅས་བྱེད་དགོས། དྲིལ་བསྒྲགས་དང་གནས་འཕྲིན་སྤེལ་བ་གསོན་ཉམས་ལྡན་པ་དང་། ཡང་དག་པའི་སྒོ་ནས་དྲ་ཐོག་དང་དྲ་འོག་ལས་སྟེགས་ཡག་པོ་སྤྱད་དེ་ལུས་རྩལ་འགྲན་ཚོགས་ཀྱི་རྣམ་པ་བཟང་པོ་ཁྱོན་ཡོངས་དང་། གནད་ལ་འཁེལ་བ། དུས་ཐོག་ཏུ་མངོན་པ་བཅས་བྱས་ཏེ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ཀྲུང་གོའི་གཏམ་རྒྱུད་ཡག་པོ་ཤོད་དགོས། བདེ་འཇགས་འགན་སྲུང་ལ་འགན་འཁྲི་ཏན་ཏིག་འཁུར་དགོས། བདེ་འཇགས་ཨང་དང་པོར་འཇོག་པའི་འདུ་ཤེས་བརྟན་པོ་འཛུགས་པ་དང་། ཉམས་མྱོང་རིང་ལུགས་དང་། བག་གཡེངས་བསམ་བློ། གཞན་བརྟེན་བསམ་བློ་བཅས་ཁྱད་བསད་མཐའ་གཅིག་ཏུ་བྱེད་པ་དང་། ཕྲ་ཞིང་ཞིབ་པ། གཟབ་ནན་ཐོག་གཟབ་ནན་བཅས་བྱས་ནས་བདེ་འཇགས་ཀྱི་གཞི་ཐིག་ཡག་པོ་སྲུང་དགོས། སྒྲིག་ཁྲིམས་དང་སྤྱོད་ཚུལ་གཟབ་ནན་ཡོང་བྱ་དགོས། བྱེད་སྒོ་ཁག་དངོས་དོན་གཉེར་བར་དོ་སྣང་བྱེད་དགོས་པ་ལས་རྒྱས་གཤོམས་དང་དོད་དང་། ཕྱི་ཚུལ་ཙམ་སྟོན་མི་རུང་ཞེས་ནན་སྟོན་གནང་ཡོད། 
        རྒྱལ་ཡོངས་གྲངས་ཉུང་མི་རིགས་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གཅིག་པའི་སྒྲིག་འཛུགས་ཨུ་ལྷན་གྱི་ཀྲུའུ་ཞི་དང་། ཀྲུའུ་ཞི་གཞོན་པ། དྲུང་ཆེ། དྲུང་ཆེ་གཞོན་པ། དེ་བཞིན་ཨུ་ཡོན། འཐུས་མི་ཚོགས་པ་ཁག་གི་ཚོགས་གཙོ་དང་ཚོགས་གཙོ་གཞོན་པ། སྡེ་ཚན་ཁག་དང་རྣམ་གྲངས་འགྲན་སྡུར་ཨུ་ལྷན་གྱི་འགན་འཁུར་བ་བཅས་ཚོགས་འདུར་ཞུགས་ཡོད་པ་རེད།
རྩོམ་སྒྲིག་པ། རྡོ་རྗེ།