ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

ཞི་ཅིན་ཕིང་གིས་ཧོ་ནན་དུ་རྨ་ཆུ་རྒྱུག་ཁུལ་གྱི་འབྱུང་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་གོང་འཕེལ་གྱི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་སྐབས་ཐུན་མོང་ཐོག་སྲུང་སྐྱོང་ཆེན་པོ་བྱ་རྒྱུ་དམ་འཛིན་བྱེད་པ་དང་བཅོས་སྐྱོང་ཆེན་པོར་སྐུལ་འདེད་བཏང་ནས་རྨ་ཆུ་དེ་མི་དམངས་ལ་བདེ་སྐྱིད་སྐྲུན་པའི་བདེ་སྐྱིད་ཀྱི་ཆུ་བོར་འགྱུར་བ་བྱ་དགོས་ཞེས་ནན་སྟོན་གནང་བ། ཧན་ཀྲེང་བཞུགས་མོལ་ཚོགས་འདུར་ཕེབས་པ་མ་ཟད་གསུང་བཤད་གནང་བ།

སྤེལ་དུས 2019-09-20 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།
ཤིན་ཧྭ་གསར་འགྱུར་ཁང་ནས་སྤེལ་བའི་གནས་ཚུལ།   ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྤྱི་ཚེས་༡༨ཉིན་གྱི་སྔ་དྲོ་ཀྲེང་ཀྲའུ་རུ་རྨ་ཆུ་རྒྱུག་ཁུལ་ཀྱི་འབྱུང་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་གོང་འཕེལ་གྱི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་མ་ཟད་གལ་ཆེའི་གསུང་བཤད་གནང་ཡོད། ཁོང་གིས། སྔོ་ལྗང་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་རྒྱུན་འཁྱོངས་བྱེད་པ་དང་། འབྱུང་ཁམས་སྔོན་ལ་འཇོག་པ་དང་། འབྱུང་འཕྲོད་གོང་འཕེལ། ཆུ་ལ་བསྟུན་ནས་གནས་བབ་གཏན་འཁེལ་བྱེད་པ། ཆུའི་བཞུར་ཚད་དང་བསྟུན་ནས་སྐྱོད་པ། ཡུལ་བབ་དང་བསྟུན་པ། རིགས་དབྱེ་ནས་ཐབས་ཇུས་འདོན་པ། སྟོད་རྒྱུད་དང་སྨད་རྒྱུད། གཞུང་རྒྱུན་དང་ཡན་ལག་ཆུ་བོ། ངོགས་གཡས་གཡོན་བཅས་གཅིག་གྱུར་འཆར་འགོད་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས། ཐུན་མོང་ཐོག་སྲུང་སྐྱོང་ཆེན་པོ་དམ་འཛིན་ཡག་པོ་བྱེད་པ་དང་། བཅོས་སྐྱོང་ཆེན་པོར་མཐུན་སྦྱོར་སྐུལ་འདེད་གཏོང་བ། འབྱུང་ཁམས་སྲུང་སྐྱོང་བཅོས་སྐྱོང་ལ་གཙོ་གནད་ཐོག་ཤུགས་སྣོན་རྒྱག་པ། རྨ་ཆུ་ཡུན་རིང་བདེ་འཇགས་ཡོང་རྒྱུར་འགན་ལེན། རྨ་ཆུ་རྒྱུག་ཁུལ་ཀྱི་སྤུས་ཚད་མཐོ་བའི་གོང་འཕེལ་ལ་སྐུལ་འདེད་གཏོང་བ། མི་དམངས་མང་ཚོགས་ཀྱི་འཚོ་བ་ལེགས་བཅོས། རྨ་ཆུའི་རིག་གནས་སྲུང་སྐྱོང་རྒྱུན་འཛིན་དང་དར་སྤེལ་གཏོང་བ་བཅས་བྱས་ནས། རྨ་ཆུ་དེ་མི་དམངས་ལ་བདེ་སྐྱིད་སྐྲུན་པའི་བདེ་སྐྱིད་ཆུ་བོར་འགྱུར་བ་བྱེད་དགོས་ཞེས་ནན་སྟོན་གནང་ཡོད། 

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲེང་བཞུགས་མོལ་ཚོགས་འདུར་ཕེབས་པ་མ་ཟད་གསུང་བཤད་གནང་ཡོད། 
བཞུགས་མོལ་ཚོགས་འདུའི་ཐོག་མཚོ་སྔོན་ཞིང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅན་ཅུན་དང་། ཧྲའན་ཞི་ཞིང་ཨུད་ཀྱི་ཧྲུའུ་ཅི་ཧུའུ་ཧེ་ཕིང་། ཧོ་ནན་ཞིང་ཨུད་ཀྱི་ཧྲུའུ་ཅི་ཝང་གོ་ཧྲེང་། རང་བྱུང་ཐོན་ཁུངས་པུའི་པུའུ་ཀྲང་ལུའུ་ཧའོ། འབྱུང་ཁམས་ཁོར་ཡུག་པུའི་པུའུ་ཀྲང་ལི་ཀན་ཅི། ཆུ་བེད་པུའི་པུའུ་ཀྲང་ཨེ་ཅིན་ཕིང་། རྒྱལ་ཁབ་འཕེལ་སྒྱུར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཧོ་ལི་ཧྥེང་། ཧྲན་ཞི་ཞིང་ཨུད་ཀྱི་ཧྲུའུ་ཅི་ལུའོ་ཧུའེ་ཉིང་། ནང་སོག་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ལི་ཅི་ཧེང་། ཧྲན་ཏུང་ཞིང་ཨུད་ཀྱི་ཧྲུའུ་ཅི་ལེའུ་ཅ་དབྱི། སི་ཁྲོན་ཞིང་ཨུད་ཀྱི་ཧྲུའུ་ཅི་ཕེང་ཅིན་ཧྭ། ཀན་སུའུ་ཞིང་ཨུད་ཀྱི་ཧྲུའུ་ཅི་ལིན་ཏོ། ཉིང་ཞ་ཧུད་རིགས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཧྲི་ཐེ་ཧྥེང་བཅས་ཀྱིས་ཡིག་ཐོག་གཏམ་བཤད་གནང་བ་དང་། ཁག་སོ་སོར་རྨ་ཆུ་རྒྱུག་ཁུལ་ཀྱི་འབྱུང་ཁམས་སླར་གསོ་དང་། ས་ཆུ་སྲུང་འཛིན། སྦགས་བཙོག་བཅོས་སྐྱོང་སོགས་ཀྱི་ཐད་ངོས་འཛིན་དང་གཟིགས་སྟངས་གསུངས་པ་དང་། དོན་དངོས་དང་ཟུང་འབྲེལ་བྱས་ནས་བསམ་འཆར་དང་གྲོས་འགོ་བཏོན་ཡོད། 

ཚང་མའི་གཏམ་བཤད་གསན་རྗེས། ཞི་ཅིན་ཕིང་གིས་གལ་ཆེའི་གསུང་བཤད་གནང་ཡོད། ཁོང་གིས། རྨ་ཆུ་རྒྱུག་ཁུལ་ནི་རང་རྒྱལ་གྱི་གལ་ཆེའི་འབྱུང་ཁམས་སྲུང་ར་དང་གལ་ཆེའི་དཔལ་འབྱོར་ཁུལ་ཡིན་པ་དང་། དབུལ་སྒྲོལ་འགག་གཏོར་དམག་འཐབ་ཀྱི་གལ་ཆེའི་ས་ཁོངས་ཡིན་པས། རང་རྒྱལ་གྱི་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་དང་འབྱུང་ཁམས་བདེ་འཇགས་ཐད་ཧ་ཅང་གལ་ཆེ་བའི་གནས་བབ་བཟུང་ཡོད། རྨ་ཆུ་སྲུང་སྐྱོང་བྱ་རྒྱུ་ནི་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་དང་རྒྱུན་མཐུན་གོང་འཕེལ་དང་འབྲེལ་བ་ཡོད་པའི་ཇི་སྲིད་བར་གྱི་ཇུས་ཆེན་ཞིག་ཡིན། རྨ་ཆུ་རྒྱུག་ཁུལ་ཀྱི་འབྱུང་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་གོང་འཕེལ་གཏོང་རྒྱུ་དེ། ཅིན་ཅིང་ཅི་རོགས་ལས་གོང་འཕེལ་དང་། འབྲི་ཆུའི་དཔལ་འབྱོར་ཁུལ་གོང་འཕེལ། ཡུའེ་ཀང་ཨའོ་ཁུག་པ་ཆེན་པོའི་ཁུལ་འཛུགས་སྐྲུན། འབྲི་ཆུའི་ཟུར་གསུམ་གླིང་གཞི་གཅིག་ཅན་གྱི་གོང་འཕེལ་བཅས་དང་འདྲ་བར། རྒྱལ་ཁབ་ཀྱི་གལ་ཆེའི་འཐབ་ཇུས་ཡིན། རྨ་ཆུ་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། རྨ་ཆུ་རྒྱུག་ཁུལ་ཀྱི་སྤུས་ཚད་མཐོ་བའི་གོང་འཕེལ་ལ་སྐུལ་འདེད་གཏོང་བ། རྒྱུག་ཁུལ་ཞིང་ལྗོངས་ཀྱིས་འབུལ་སྒྲོལ་འགག་གཏོར་དམག་འཐབ་ལ་རྒྱལ་ཁ་ལེན་རྒྱུར་རྒྱབ་སྐྱོར་ཧུར་ཐག་བྱེད་པ། རྒྱུག་ཁུལ་མི་དམངས་མང་ཚོགས་དང་ལྷག་པར་དུ་གྲངས་ཉུང་མི་རིགས་མང་ཚོགས་ཀྱིས་སེམས་ཁུར་བྱེད་པའི་འབྲུབ་འགོག་བདེ་འཇགས་དང་། འཐུང་ཆུའི་བདེ་འཇགས། འབྱུང་ཁམས་བདེ་འཇགས་སོགས་ཀྱི་གནད་དོན་ཐག་གཅོད་ཡག་པོ་བྱ་རྒྱུ་དེ་སྤྱི་ཚོགས་བརྟན་ལྷིང་ལ་སྲུང་སྐྱོང་དང་། མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་རྒྱུར་དོན་སྙིང་ཆེན་པོ་ལྡན་པ་ཞིག་ཡིན་ཞེས་ནན་སྟོན་གནང་ཡོད། 
ཞི་ཅིན་ཕིང་གིས།    རྨ་ཆུ་བདེ་འཇགས་ཡིན་ན།   རྒྱལ་ཁམས་བདེ་འཇགས་ཡིན།   སྔར་ནས་བཟུང་།   ཀྲུང་ཧྭ་མི་རིགས་ཀྱིས་སྔ་བར་ཕྱི་གསུམ་དུ་རྨ་ཆུའི་ཞོད་སྐྱོན་ཐན་སྐྱོན་དང་འཐབ་རྩོད་བྱེད་བཞིན་ཡོད། ཀྲུང་གོ་གསར་པ་དབུ་བརྙེས་རྗེས།  ཏང་དང་རྒྱལ་ཁབ་ནས་རྨ་ཆུ་བཅོས་སྐྱོང་བྱ་རྒྱུར་མཐོང་ཆེན་པོ་གནང་ཡོད།    ཏང་ཀྲུང་དབྱང་གི་སྟོབས་ཆེའི་འགོ་ཁྲིད་འོག   རྨ་ཆུ་རྒྱུག་ཁུལ་ཀྱི་དམག་དམངས་དང་རྨ་ཆུའི་འཛུགས་སྐྲུན་པས།  གཞི་ཁྱོན་ཆེ་བའི་རྨ་ཆུ་བཅོས་སྐྱོང་སྲུང་སྐྱོང་གི་ལས་ཀ་སྒྲུབ་པ་དང་།  ཀུན་ནས་དོ་ཁུར་བྱེད་པའི་གྲུབ་འབྲས་ཐོབ་ཡོད།   རྨ་ཆུའི་བྱེ་ས་བཅོས་སྐྱོང་ཐད་ཕན་ནུས་མངོན་གསལ་དོད་པོ་ཐོན་པ་དང་།  འབྲུབ་འགོག་གནོད་སེལ་མ་ལག་གཞི་རྩའི་ཆ་ནས་བསྐྲུན་ཟིན་པ།  ཆུ་ལམ་ཆུང་དུ་འགྲོ་ཚུལ་ཐོག་མའི་ཆ་ནས་ཚོད་འཛིན་ཐུབ་པ།   རྒྱུག་ཁུལ་ཀྱི་ཆུ་བེད་སྤྱོད་བྱ་ཚད་མགྱོགས་དྲག་པའི་རྣམ་པར་ཚོད་འཛིན་ནུས་ལྡན་བྱུང་ནས།   དཔལ་འབྱོར་སྤྱི་ཚོགས་རྒྱུན་མཐུད་གོང་འཕེལ་འགྲོ་རྒྱུར་འདེགས་སྐྱོར་ཤུགས་ཆེན་བྱུང་ཡོད།   འབྱུང་ཁམས་ཁོར་ཡུག་རྒྱུན་མཐུད་མངོན་གསལ་དོད་པོས་ཡག་ཏུ་སོང་བ་དང་།  ས་ཆུ་ཤོར་བ་ཕྱོགས་བསྡུས་བཅོས་སྐྱོང་དང་འགོག་བཅོས་བྱ་རྒྱུར་ཕན་ནུས་མངོན་གསལ་དོད་པོ་ཐོན་པ།   གཙང་གསུམ་འབྱུང་ཡུལ་སོགས་གལ་ཆེའི་འབྱུང་ཁམས་སྲུང་སྐྱོང་དང་སླར་གསོའི་ལས་གཞི་མགྱོགས་མྱུར་ལག་བསྟར་ཐུབ་པ། སྟོད་རྒྱུད་ཀྱི་ཆུ་བོའི་འབྱུང་ཁུངས་ཀྱི་གསོག་ཚད་ནུས་པ་བརྟན་པོའི་ངང་ཆེ་རུ་སོང་བ།   རྨ་ཆུའི་དབུས་རྒྱུད་ཀྱི་ས་སེར་མཐོ་སྒང་གི་ཆུ་གསོག་ས་འཛིན་ནུས་པ་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ་བཅས་ཀྱི་ཐོག་ནས།   མི་གནས་སྤོས་དང་བྱེ་མ་འགོག་བཅོས་ཀྱི་བྱེ་བཅོས་ངོ་མཚར་བཏོད་པ་དང་།  སྐྱེ་དངོས་སྣ་མང་རང་བཞིན་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཡོད།    གོང་འཕེལ་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་ཕྱིན་པ་དང་།   ལྟེ་བའི་གྲོང་ཁྱེར་དང་དབུས་རྒྱུད་སོགས་གྲོང་ཁྱེར་ཁྱུ་ཚོགས་འཛུགས་སྐྲུན་ཇེ་མགྱོགས་སུ་སོང་བ།  རྒྱལ་ཡོངས་ཀྱི་གཙོ་གནད་ཞིང་འབྲོག་ལས་ཐོན་སྐྱེད་རྟེན་གཞི་དང་། ནུས་པའི་འབྱུང་ཁུངས་རྟེན་གཞིའི་གནས་བབ་སྔར་བས་སྲ་བརྟན་དུ་སོང་བ།   དཔལ་འབྱོར་འཕར་གནས་གསར་པ་ཟམ་མི་ཆད་པར་ཐོན་པ།   གྲམ་ཐང་ཁུལ་གྱི་ཡུལ་མི་གནས་སྤོས་ལས་གཞིར་སྐུལ་འདེད་མགྱོགས་པོ་ཐེབས་པ།  མང་ཚོགས་ཀྱི་འཚོ་བ་མངོན་གསལ་དོད་པོས་ལེགས་བཅོས་བྱུང་ཡོད།  ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན།  ཏང་ཀྲུང་དབྱང་གིས་འབྱུང་ཁམས་ཤེས་དཔལ་འཛུགས་སྐྱོང་གི་ཁྱོན་ཡོངས་ལ་གཞིགས་ནས།   ཆུ་གྲོན་ཆུང་སྔོན་ལ་འཇོག་པ་དང་།  བར་ཁམས་དོ་སྙོམས་མ་ལག་བཅོས་སྐྱོང་།   ཕྱོགས་གཉིས་ནས་ཤུགས་འདོན་པ་བཅས་ཀྱི་ཆུ་བཅོས་བསམ་གཞིག་གསལ་པོ་བཏོན་ནས།   རྨ་ཆུ་རྒྱུག་ཁུལ་ཀྱི་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་དང་མང་ཚོགས་ཀྱི་འཚོ་བར་འགྱུར་ལྡོག་ཆེན་པོ་བྱུང་ཡོད།  དེ་དང་ཆབས་ཅིག   རིག་པ་གསལ་པོས་མཐོང་དགོས་པ་ཞིག་ལ་མིག་སྔར་རྨ་ཆུ་རྒྱུག་ཁུལ་དུ་སྔར་བཞིན་མངོན་གསལ་ཆེ་བའི་དཀའ་ངལ་དང་གནད་དོན་གནས་ཡོད་པ་དང་།  རྒྱུག་ཁུལ་ཀྱི་འབྱུང་ཁམས་ཁོར་ཡུག་ཞན་པོ་ཡོད་པ།   ཆུའི་ཐོན་ཁུངས་འགན་ལེན་གྱི་གནས་བབ་ཛ་དྲག་པོ་ཡོད་པ།  གོང་འཕེལ་གྱི་སྤུས་ཚད་ད་དུང་མཐོ་རུ་གཏོང་དགོས་པ་བཅས་ཡིན།   གནད་དོན་དེ་དག་ཕྱི་ཚུལ་ནས་བལྟས་ན་རྨ་ཆུ་ཡིན་པ་དང་།   རྩ་བའི་ཐོག་ནས་བལྟས་ན་རྒྱུག་ཁུལ་ལ་ཐུག་ཡོད་ཅེས་བསྟན་གནང་ཡོད།       
  
ཞི་ཅིན་ཕིང་གིས།  རྨ་ཆུ་བཅོས་སྐྱོང་བྱེད་པར།  གཙོ་བོ་སྲུང་སྐྱོབ་ལ་ཐུག་ཅིང་།   བཅོས་སྐྱོང་ལ་རག་ལུས་ཡོད།  རི་ཆུ་ནགས་ཞིང་མཚེའུ་རྩྭ་ཐང་བཅས་ཕྱོགས་བསྡུས་བཅོས་སྐྱོང་དང་།     ཆ་ཚང་བའི་བཅོས་སྐྱོང་།   འབྱུང་རྩ་ནས་བཅོས་སྐྱོང་བཅས་རྒྱུན་འཁྱོངས་བྱེད་པ།   ལས་དོན་ཁག་གཅིག་གྱུར་འཆར་འགོད་དང་སྐུལ་འདེད་གཏོང་བ།   མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་རྒྱག་པ་བཅས་ཀྱི་ཐོག་ནས།   རྨ་ཆུ་རྒྱུག་ཁུལ་སྤུས་ཚད་ལེགས་པའི་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་སྟོན་གནང་ཡོད།
གཅིག་ནི།   འབྱུང་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་ཤུགས་སྣོན་རྒྱག་དགོས།    རྨ་ཆུའི་འབྱུང་ཁམས་མ་ལག་ནི་དཀྱུས་གཅིག་ཏུ་འབྲེལ་བ་ཞིག་ཡིན་པ་དང་།   ཆུ་བོའི་སྟོད་སྨད་བར་གསུམ་གྱི་ཁྱད་པར་ལ་བསམ་བློ་གཏིང་ཟབ་གཏོང་དགོས།    རྨ་ཆུའི་སྟོད་རྒྱུད་ནི་གཙང་གསུམ་འབྱུང་ཡུལ་དང་།   མདོ་ལ་རི་བོ།    ཀན་ལྷོའི་རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་འགོ་གསོ་འཁྱོངས་སོགས་གཙོ་གནད་དུ་འཇོག་པ་དང་།   འབྱུང་ཁམས་ལ་སྲུང་སྐྱོབ་དང་ཉམས་བཟོ་བྱེད་པ་དང་འཛུགས་སྐྲུན་བྱེད་པའི་ལས་གྲྭ་ཆེ་གྲས་ཁག་ཅིག་ལག་བསྟར་བྱ་རྒྱུར་སྐུལ་འདེད་གཏོང་བ།   ཆུ་འགོ་གསོ་འཁྱོངས་ནུས་པ་མཐོ་རུ་གཏོང་བ།   དབུས་རྒྱུད་དུ་ས་ཆུ་རྒྱུན་འཁྱོངས་དང་སྦགས་གཙོག་འགོག་བཅོས་དམ་བཟུང་བྱ་རྒྱུ་མངོན་གསལ་དུ་འཇོག་པ།   ཆ་རྐྱེན་ཡོད་པའི་ས་ཆར་སྐྱ་འདེབས་སྐས་ཞིང་དང་།   ཆུ་འཁྱིལ་སའི་ཆུ་རགས་སོགས་འཛུགས་པ།   ས་ཆ་ཁ་ཤས་སུ་རང་བྱུང་བསྐྱར་གསོ་བྱ་རྒྱུ་གཙོ་བོར་འཇོག་ཅིང་།  མི་སྣའི་སྦགས་གཙོག་ཉུང་དུ་གཏོང་བ།   སྦགས་གཙོག་ཚབས་ཆེ་བའི་ཡན་ལག་ཆུ་བོའི་རྒྱུད་དུ།  ནུས་ཤུགས་ཡོད་རྒུས་གཙང་བཅོས་བྱེད་པ།  སྨད་རྒྱུད་ཀྱི་རྨ་ཆུའི་ཟུར་གསུམ་གླིང་དུ་སྲུང་སྐྱོབ་ལས་དོན་ཡག་པོ་སྤེལ་བ།   ཆུ་བོ་རྒྱུག་ཁུལ་གྱི་འབྱུང་ཁམས་མ་ལག་སྐྱོན་བྲལ་ཡོང་རྒྱུར་སྐུལ་འདེད་བཏང་ནས།   སྐྱེ་དངོས་སྣ་མང་རང་བཞིན་གྱི་ཚད་མཐོ་རུ་གཏོང་དགོས་པ་དང་།  
གཉིས་ནི།   རྨ་ཆུ་ཡུན་རིང་བདེ་འཁོད་ཡོང་རྒྱུ་འགན་ལེན་བྱེད་དགོས།   རྨ་ཆུ་ནི་ཆུ་ཉུང་ཞིང་བྱེ་མ་མང་བ་དང་།  ཆུ་དང་བྱེ་མའི་འབྲེལ་བ་མཐུན་སྦྱོར་མེད་པས།   དེ་ནི་རྨ་ཆུ་བཅོས་སྐྱོང་བྱེད་པའི་དཀའ་གནད་དེ་ཡིན་པ་རེད།   མ་གཞི་རྨ་ཆུར་ལོ་མང་རིང་གནད་དོན་ཆེ་བ་ཐོན་མེད་མོད།  ཡིན་ནའང་ལྷོད་གཡེང་སྤུ་ཙམ་ཡང་གཏོང་རྒྱུ་མེད།    ཆུ་དང་བྱེ་མའི་འབྲེལ་བ་ལེགས་བཅོས་བྱེད་པའི་འགག་གནད་དེ་དམ་བཟུང་ཡག་པོ་བྱེད་པ་དང་། ཆུ་དང་བྱེ་མའི་སྙོམས་སྒྲིག་སྒྲིག་གཞི་འཐུས་ཚང་དུ་གཏོང་བ།   མི་མང་པོས་ཐེ་ཇུས་བྱེད་པ་དང་ཁག་དབྱེ་ནས་དོ་དམ་བྱེད་པའི་གནད་དོན་ཐག་གཅོད་བྱེད་པ།   ཆུ་ལམ་དང་གྲམ་ཐང་གི་ཕྱོགས་བསྡུས་བཅོས་སྐྱོང་ལས་གྲྭ་ལག་བསྟར་བྱེད་པ།   རྨ་ཆུའི་སྨད་རྒྱུད་དུ་བྱེ་འདམ་ཕུང་གསོག་ཐེབས་རྒྱུ་ཞི་ལྷོད་དུ་གཏོང་བ་བཅས་ཀྱི་ཐོག་ནས།  རྨ་ཆུའི་འགྲམ་རྒྱུད་ཀྱི་བདེ་འཇགས་འགན་ལེན་བྱ་དགོས།
      གསུམ་ནི།    ཆུའི་ཐོན་ཁུངས་གྲོན་ཆུང་དང་ལེགས་བསྡུས་བེད་སྤྱོད་ལ་སྐུལ་འདེད་གཏོང་དགོས།   རྨ་ཆུའི་ཐོན་ཁུངས་ཀྱི་འབོར་ཚད་དེ་ཙམ་ལས་མེད་པས།   འབྱུང་ཁམས་འཛུགས་སྐྲུན་གྱི་ལས་དོན་སྒྲུབ་པར་ཆུ་བེད་སྤྱོད་བྱ་དགོས་པ་དང་།   དཔལ་འབྱོར་འཕེལ་རྒྱས་གཏོང་བ་དང་།    འཚོ་སྡོད་བྱེད་པར་ཡང་ཆུ་དང་ཁ་བྲལ་ཐབས་མེད་པས།   ཆུ་དེ་ཉིད་རྫོགས་མཐའ་མེད་པར་མཁོ་སྤྲོད་ཐུབ་པའི་ཐོན་ཁུངས་ལ་བརྩི་མི་རུང་།   ཆུ་ལ་བརྟེན་ནས་གྲོང་ཁྱེར་གཏན་འཁེལ་དང་།   ཆུ་ལ་བརྟེན་ནས་ས་ཆ་གཏན་འཁེལ།  ཆ་ལ་བརྟེན་ནས་མི་སྣ་གཏན་འཁེལ།  ཆུ་ལ་བརྟེན་ནས་ཐོན་ལས་གཏན་འཁེལ་བཅས་རྒྱུན་འཁྱོངས་བྱེད་པ། ཆུའི་ཐོན་ཁུངས་དེ་ཉིད་ཚོད་འཛིན་མི་བྱེད་ཀ་མེད་དུ་བརྩི་བ།    མི་འབོར་དང་།  གྲོང་ཁྱེར།  ཐོན་ལས་བཅས་འཕེལ་རྒྱས་གཏོང་རྒྱུ་ལུགས་མཐུན་འཆར་འགོད་བྱེད་པ།   ལུགས་དང་མ་མཐུན་པའི་ཆུའི་དགོས་མཁོ་བཀག་འགོག་མཐའ་གཅིག་ཏུ་བྱེད་པ།   ཆུ་གྲོན་ཆུང་གི་ཐོན་ལས་དང་ལག་རྩལ་འཕེལ་རྒྱས་ཤུགས་ཆེན་གཏོང་བ།     ཞིང་ལས་ཀྱི་ཆུ་གྲོན་ཆུང་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ།    སྤྱི་ཚོགས་ཧྲིལ་པོར་ཆུ་གྲོན་ཆུང་གི་བྱ་སྤྱོད་ལག་བསྟར་བྱེད་པ་བཅས་ཀྱི་ཐོག་ནས།   ཆུ་བེད་སྤྱོད་བྱ་ཐབས་དེ་ཉིད་རགས་ལས་ནས་གྲོན་ཆུང་དང་ལེགས་བསྡུས་ཕྱོགས་སུ་བརྗེ་སྒྱུར་བྱ་དགོས།    
བཞི་ནི།  རྨ་ཆུ་རྒྱུག་ཁུལ་སྤུས་ཚད་མཐོ་པོའི་སྒོ་ནས་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས།  དོན་དངོས་ནས་འགོ་འཛུགས་པ་དང་།  ཆུ་འཕྲོད་ན་ཆུ་དང་རི་འཕྲོད་ན་རི་དགོས། འབྲུ་རིགས་འཚམ་ན་འབྲུ་རིགས་དང་། ཞིང་ལས་འཚམ་ན་ཞིང་ལས། བཟོ་ལས་འཚམ་ན་བཟོ་ལས། ཚོང་ལས་འཚམ་ན་ཚོང་ལས་བཅས་བྱེད་དགོས་ཤིང་། ས་ཁོངས་ཀྱི་ཁྱད་ཆོས་ལྡན་པའི་སྤུས་ཚད་མཐོ་བའི་གོང་འཕེལ་གྱི་ལམ་བུ་གསར་པ་འཚོལ་ཞིབ་ཧུར་ཐག་བྱེད་དགོས། གཙང་གསུམ་འབྱུང་ཡུལ་དང་། མདོ་ལ་རི་བོ་སོགས་འབྱུང་ཁམས་ནུས་པ་གལ་ཆེ་བའི་ས་ཁུལ་དུ་གཙོ་བོ་འབྱུང་ཁམས་སྲུང་སྐྱོང་དང་། ཆུ་འགོ་སྐྱོང་བ། འབྱུང་ཁམས་ཐོན་རྫས་སྔར་བས་མང་བ་གསར་སྐྲུན་བྱེད་དགོས། ཧོ་ཐའོ་ཞིང་ཆུ་འདྲེན་ཁུལ་དང་། ཧྥན་ཝེ་བདེ་ཐང་སོགས་འབྲུ་རིགས་ཐོན་ཁུལ་གཙོ་བོར་དེང་རབས་ཀྱི་ཞིང་ལས་གོང་འཕེལ་བཏང་ནས། ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་མཐོ་རུ་གཏོང་དགོས། ས་ཁོངས་ལྟེ་གནས་གྲོང་ཁྱེར་སོགས་དཔལ་འབྱོར་ཆ་རྐྱེན་ཡག་པོ་ཡོད་པའི་ས་ཁུལ་གྱི་ལེགས་བསྡུས་ཞིབ་གཉེར་གོང་འཕེལ་དང་། དཔལ་འབྱོར་དང་མི་འབོར་ཀྱི་ཐེག་ནུས་མཐོ་རུ་གཏོང་དགོས། དབུལ་ཕོངས་ས་ཁུལ་གྱི་རྨང་གཞིའི་སྒྲིག་ཆས་དང་སྤྱི་པའི་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་དགོས་པ་དང་། ནུས་ཤུགས་ཡོད་རྒུས་དམངས་གཙོ་ལེགས་བཅོས་དང་འགན་སྲུང་བྱ་དགོས། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་ནང་ཐེ་ཞུགས་ཧུར་ཐག་བྱེད་པ་དང་། ཕྱི་ཕྱོགས་སུ་སྒོ་མོ་འབྱེད་པའི་ཆུ་ཚད་མཐོ་རུ་གཏོང་བ། སྒོ་དབྱེར་བརྟེན་ནས་སྒྱུར་བཅོས་དང་གོང་འཕེལ་ལ་སྐུལ་འདེད་གཏོང་དགོས།
ལྔ་ནི།  རྨ་ཆུའི་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན་དར་སྤེལ་བཅས་གཏོང་དགོས།   རྨ་ཆུའི་རིག་གནས་ནི་ཀྲུང་ཧྭ་ཤེས་དཔལ་གྱི་གྲུབ་ཆ་གལ་ཆེན་ཡིན་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་བླ་སྲོག་ལྟ་བུ་ཡིན། རྨ་ཆུའི་རིག་གནས་ཤུལ་བཞག་ལ་ཁུངས་བཙན་སྲུང་སྐྱོང་བྱ་རྒྱུར་སྐུལ་འདེད་གཏོང་དགོས་པ་དང་། རྨ་ཆུའི་རིག་གནས་ནང་ལྡན་པའི་དུས་རབས་ཀྱི་རིན་ཐང་སྔོག་འདོན་གཏིང་ཟབ་བྱེད་པ། རྨ་ཆུའི་གཏམ་རྒྱུད་ཡག་པོ་བརྗོད་པ། ལོ་རྒྱུས་ཀྱི་ཁྲག་རྒྱུན་རྒྱུན་མཐུད་བྱེད་པ། རིག་གནས་ཀྱི་བློ་སྤོབས་བརྟན་དུ་གཏོང་བ་བཅས་བྱས་ཏེ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད། བསམ་པའི་སྟོབས་ཤུགས་གཅིག་སྡུད་བྱེད་དགོས།
ཞི་ཅིན་ཕིང་གིས། རྨ་ཆུ་རྒྱུག་ཁུལ་གྱི་འབྱུང་ཁམས་སྲུང་སྐྱོང་དང་། སྤུས་ཚད་མཐོ་བའི་གོང་འཕེལ་གྱི་སྣེ་ཁྲིད་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས་པ་དང་།  རང་རྒྱལ་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་གཅིག་སྡུད་སྟོབས་ཤུགས་ཀྱིས་བྱ་བ་ཆེན་པོ་སྒྲུབ་པའི་ཁྱད་འཕགས་རང་བཞིན་འདོན་སྤེལ་བྱེད་པ། གཅིག་འགྱུར་འཆར་འགོད་ཀྱི་བསམ་བློ་བརྟན་པོ་འཛུགས་པ། ཆོས་ཉིད་ལ་བརྩི་འཇོག་བྱེད་པ། སྲུང་སྐྱོབ་དང་བཅོས་སྐྱོང་གི་མ་ལག་རང་བཞིན་དང་སྤྱི་ཡོངས་རང་བཞིན། མཐུན་སྦྱོར་རང་བཞིན་བཅས་ལ་དོ་སྣང་སྔར་ལས་ལྷག་པ་བྱེད་པ། མཐོ་རིམ་ཇུས་འགོད་བྱ་རྒྱུ་དམ་འཛིན་བྱེད་པ། གནད་དོན་གལ་ཆེན་ལ་ཞིབ་འཇུག་བྱ་ཤུགས་ཆེ་རུ་གཏོང་བ། ལམ་ལུགས་དང་སྒྲིག་གཞི་གསར་སྐྲུན་བྱ་རྒྱུར་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། རྨ་ཆུ་རྒྱུག་ཁུལ་གྱི་འབྱུང་ཁམས་སྲུང་སྐྱོང་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད། གོམ་པ་སྔར་བས་ཆེ་བ་སྤོ་དགོས་ཞེས་བསྟན་གནང་ཡོད་པ་རེད།
ཞི་ཅིན་ཕིང་གིས། རྨ་ཆུ་རྒྱུག་ཁུལ་གྱི་འབྱུང་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་གོང་འཕེལ་ལ་སྐུལ་འདེད་གཏོང་རྒྱུ་དེ་ཉིན་གཅིག་ལ་སྒྲུབ་ཐུབ་པའི་བྱ་བ་ཞིག་མ་ཡིན། ལོ་རྒྱུས་ཀྱི་ངང་རྒྱུད་རིང་པོའི་བསམ་བློ་དང་འཐབ་ཇུས་ཀྱི་ཆོད་སེམས་བརྟན་པོ་དགོས་པ་དང་། བྱ་བ་ལེགས་སྒྲུབ་བྱུང་བ་རང་གཅིག་པོའི་བྱས་རྗེས་མིན་པའི་བསམ་པའི་གནས་ཚད་མཐོ་པོ་དང་བྱ་བ་ལེགས་སྒྲུབ་ཡོང་བར་ང་རང་ངེས་པར་དུ་ཞུགས་དགོས་པའི་ལོ་རྒྱུས་ཀྱི་འགན་སེམས་ཐོག་ནས། རྒྱང་རིང་གི་བསམ་ཚོད་ཡོད་དགོས་ལ་མིག་མདུན་གྱི་བྱ་བ་སྒྲུབ་ཤེས་པ་བྱེད་དགོས་ཤིང་། འཆར་གཞི་བཟང་པོ་ཞིག་བཟོ་བ་དང་། རྒྱུན་མཐུད་དུ་འབད་བརྩོན་བྱས་ཏེ། རྨ་ཆུས་མི་དམངས་ལ་ཕན་བདེ་བསྐྲུན་དུ་འཇུག་དགོས་ཞེས་ནན་སྟོན་གནང་ཡོད།
ཧན་ཀྲེང་གིས་གསུངས་བཤད་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུངས་བཤད་ཀྱི་དགོངས་དོན་གལ་ཆེན་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་དགོས་པ་དང་། སྲུང་སྐྱོབ་ཆེན་པོ་མཉམ་དུ་དམ་འཛིན་དང་བཅོས་སྐྱོང་ཆེན་པོར་མཐུན་སྦྱོར་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་དང་། སེམས་ཤུགས་གཅིག་སྒྲིལ་གྱིས་རྨ་ཆུའི་ཆུ་ཁོངས་ཀྱི་འབྱུང་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་གོང་འཕེལ་གྱི་རྣམ་པ་གསར་པ་གཏོད་དགོས་པ་། རྨ་ཆུ་རྒྱུག་ཁུལ་གྱི་འབྱུང་ཁམས་སྲུང་སྐྱོབ་བྱ་རྒྱུར་ཁྱོན་ཡོངས་ནས་ཤུགས་སྣོན་རྒྱག་དགོས་པ་དང་། རི་ཆུ་ནགས་ཞིང་མཚེའུ་རྩྭ་ཐང་བཅས་འབྱུང་ཁམས་ཀྱི་གནས་སྟངས་ལ་གཞི་གཅིག་ཅན་གྱི་སྲུང་སྐྱོབ་དང་ཁོར་ཡུག་སྦག་བཙོག་བཅོས་སྐྱོང་ལ་མཐུན་སྦྱོར་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་དགོས་པ། རྨ་ཆུའི་སྟོད་རྒྱུད་ཀྱི་ཀྲུང་ཧྭ་ཡི་ཆུ་འགོ་བརྟན་པོ་དང་། རྨ་ཆུའི་དབུས་སྨད་རྒྱུད་ཀྱི་མི་གནས་སྡོད་ལ་འཚམ་པའི་འབྱུང་ཁམས་བདེ་འཇགས་ཀྱི་རྣམ་པ་ཞིག་གྲུབ་པ་བྱེད་དགོས་པ། བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་སྤུས་ཚད་མཐོ་བའི་གོང་འཕེལ་ལམ་བུ་རྒྱུན་འཁྱོངས་བྱེད་དགོས་པ་དང་། ས་བབ་དང་བསྟུན་ནས་ས་ཁོངས་ཁྱད་ཆོས་ལྡན་པའི་དེང་རབས་ཐོན་ལས་མ་ལག་འཛུགས་དགོས་པ། དཔལ་འབྱོར་གོང་འཕེལ་གྱི་སྒུལ་ཤུགས་དང་མཉེན་ཤུགས་ཤུགས་ཆེར་གཏོང་དགོས་པ། དམངས་འཚོ་ལེགས་བཅོས་གཏོང་རྒྱུ་འགོ་ཚུགས་ས་དང་མཇུག་བསྡུ་ས་བྱ་དགོས་པ། རྨ་ཆུའི་ཆུ་ཁོངས་ཡོངས་ཀྱི་གཞི་རྩའི་སྤྱི་པའི་ཞབས་ཞུ་ཆ་སྙོམས་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་རྒྱུ་མགྱོགས་སུ་བཏང་ནས། རྨ་ཆུའི་ཆུ་ཁོངས་ཀྱི་མི་དམངས་ནས་བསྒྱུར་བཅོས་གོང་འཕེལ་གྱི་གྲུབ་འབྲས་ལོངས་སྤྱོད་བྱ་རྒྱུ་སྔར་ལས་ཡག་པ་ཡོང་བ་བྱེད་དགོས། སྒྲིག་གཞི་སྒྱུར་བཅོས་ཀྱི་གསར་གཏོད་བྱ་རྒྱུ་གཏིང་ཟབ་ཏུ་དགོས་པ་དང་། ཁྲོམ་རའི་ཆོས་ཉིད་དང་ཁ་ཕྱོགས་དང་མཐུན་པའི་མཉམ་ལས་སྒྲིག་གཞི་འཚོལ་ཞིབ་བྱས་ཏེ། རྨ་ཆུའི་ཆུ་ཁོངས་ཀྱི་འབྱུང་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་མཉམ་ཤུགས་ཆེན་པོ་གྲུབ་པ་བྱེད་དགོས་ཞེས་བསྟན་གནང་ཡོད།
ཏིང་ཞུའེ་ཞང་དང་། ལིའུ་ཧོ། ཧོ་ལི་ཧྥེང་བཅས་བཞུགས་མོལ་ཚོགས་འདུར་ཞུགས་པ་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་ཚན་པའི་འགན་ཁུར་བློ་མཐུན་དང་། འབྲེལ་ཡོད་ཞིང་ལྗོངས་ཀྱི་འགན་ཁུར་བློ་མཐུན་བཞུགས་མོལ་ཚོགས་འདུར་ཞུགས་གནང་ཡོད་པ་རེད།
རྩོམ་སྒྲིག་པ། སྣང་རྡོར།