གཤེ་ལའི་ཕུག་ལམ་དང་གྲུ་གུ་ལའི་ཕུག་ལམ་ཤར་གཏོང་ཐུབ་པ་།
སྤེལ་དུས 2019-10-04
ཡོང་ཁུངས། སེམས་ཀྱི་ཞིང་ཁམས་འཕྲིན་སྟེགས་ལས་དྲངས།
རྩོམ་པ་པོ།
ལོ་བཞི་ལྷག་ཙམ་ལ་འཛུགས་སྐྲུན་བྱས་པ་བརྒྱུད། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་༧༠འཁོར་བའི་མཚམས་འདིར། ཟླ་༩ཚེས་༣༠ཉིན་རྒྱལ་ལམ་༣༡༧གྱི་ཆབ་མདོའི་ས་ཁོངས་ཀྱི་གཤེ་ལའི་ཕུག་ལམ་དུ་རླངས་འཁོར་ཤར་གཏོང་ཐུབ་འདུག
ཕུག་ལམ་དུ་རླངས་འཁོར་ཤར་གཏོང་ཐུབ་པ་ལས་རྒྱལ་ལམ་༣༡༧ལམ་རྒྱུད་ཀྱི་ཆབ་མདོ་ནས་ལྷ་སའི་བར་གྱི་བྱང་ལམ་དུམ་བུ་དེ། ཕྱོགས་ཡོངས་ནས་སྣུམ་ནག་གཞུང་ལམ་དུ་སྒྱུར་བ་མངོན་འགྱུར་བྱུང་ཡོད་ཅིང་། རྒྱལ་ལམ་༣༡༧ལམ་རྒྱུད་ཀྱི་བོད་ལྗོངས་ས་ཁོངས་སུ་རླངས་འཁོར་ཐོགས་མེད་ཤར་གཏོང་ཐུབ་པའང་མཚོན་ཡོད།
རྒྱལ་ལམ་༣༡༧གྱི་ལམ་ཐག་སྤྱི་ལེ་༣༢༠༠ཡོད་ལ། སི་ཁྲོན་ཁྲིན་ཏུའུ་ནས་བོད་ལྗོངས་མངའ་རིས་ས་ཁུལ་གྱི་སྒར་རྗོང་བར་ཡིན་པས། བོད་ནས་ཟི་ཁྲོན་དང་གྲུང་ཆིངས་སུ་སྐྱོད་པའི་གལ་ཆེའི་གཞུང་ལམ་ཞིག་ཡིན་ལ། ཆབ་མདོ་དང་། ནག་ཆུ། མངའ་རིས་སོགས་ཀྱི་སྲོག་རྩའི་གཞུང་ལམ་ཞིག་ཀྱང་ཡིན།
གཤེ་ལའི་ལམ་དུམ་དེ་ཆབ་མདོ་གྲོང་ཁྱེར་གྱི་སྟེང་ཆེན་རྫོང་ཁོངས་སུ་ཡོད་པ་དང་། དེ་སྔ་ལམ་ཡག་པོ་མེད་ལ་ལམ་རྒྱུད་དུ་རི་ཉིལ་བ་དང་། འདམ་རྡོའི་ཆུ་རུད་སོགས་གནོད་འཚེ་ཡང་ཡང་ཐེབས་ཀྱིན་ཡོད། ལྷག་པར་དུ་དགུན་དུས་སུ་ལ་ཁར་ལི་སྨི་༥༠ཙམ་གྱི་གངས་གསོག་ཐེབས་ནས་བདེ་འཇགས་ལ་འགན་ལེན་བྱེད་ཁག་པར་གྱུར་ཡོད། རྒྱལ་ལམ་༣༡༧གྱི་རི་བོ་ཆེ་རྫོང་ཁོངས་ཀྱི་གྲུ་གུ་ལའི་ལམ་ཡང་དེ་འདྲ་ཡག་པོ་མེད།
མང་ཚོགས་ཀྱི་འཚོ་བའི་ཆ་རྐྱེན་ཇེ་ལེགས་སུ་གཏང་ནས་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད། ༢༠༡༥ལོ་ནས་གཤེ་ལ་དང་གྲུ་གུ་ལའི་ཕུག་ལམ་ལས་གྲྭ་སྔ་རྗེས་སུ་ཚུགས་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། རྒྱལ་ལམ་༣༡༧ལམ་རྒྱུད་ཀྱི་སྟེང་ཆེན་ནས་གཤེ་ལའི་བར་གྱི་གཞུང་ལམ་བཅོས་སྒྲིག་རྒྱས་སྐྲུན་ལས་གྲྭར་ཁྱོན་མ་དངུལ་སྒོར་དུང་ཕྱུར་༡༧.༩བཏང་བ་དང་། ལམ་ཐག་ཧྲིལ་པོར་སྤྱི་ལེ་༡༡༢.༨༨༦ཡོད། གསར་དུ་ཟམ་པ་ཆེ་ཆུང་ཁྱོན་༣༠དང་ཟམ་སྦུག་ཁྱོན་༣༠༣བསྐྲུན་ཡོད་པ་དང། ཕུག་ལམ་གཙོ་བོའི་རིང་ཚད་ལ་སྨི་༤༠༩༢ཡོད་པ། ལམ་ཐིག་གཙོ་བོར་རིམ་པ་གསུམ་པའི་གཞུང་ལམ་གྱི་ཚད་གཞི་ལྟར་བསྐྲུན་ཡོད། ལས་གྲྭ་བསྐྲུན་ཟིན་པས་དེ་སྔའི་ལམ་ཐག་ལས་སྤྱི་ལེ་༡༠.༦ཐུང་དུ་ཕྱིན་པ་དང་། ལ་རྒྱག་པའི་དུས་ཚོད་སྐར་མ་༤༠ཐུང་དུ་སོང་ཡོད།
རྒྱལ་ལམ་༣༡༧ལམ་རྒྱུད་ཀྱི་གྲུ་གུ་ལའི་ཕུག་ལམ་གྱི་བཅོས་སྒྲིག་རྒྱས་སྐྲུན་ལས་གྲྭར་ཁྱོན་མ་དངུལ་སྒོར་དུང་ཕྱུར་༨.༢༩བཏང་བ་དང་། ལམ་ཐག་ཧྲིལ་པོར་སྤྱི་ལེ་༨.༩༧ཡོད། དེའི་ནང་། གྲུ་གུ་ལའི་ཕུག་ལམ་གྱི་ལམ་ཐག་སྤྱི་ལེ་༤.༦༠༥དང་། འབྲུག་དགེ་དགོན་པའི་སྤྱི་ལེ་༠.༧༩ཡིན་པས། དེ་སྔའི་ལམ་ཐག་ལས་སྤྱི་ལེ་༡༩.༦ཇེ་ཐུང་དུ་ཕྱིན་པ་དང་། ལམ་ཐག་ཆུ་ཚོད་༡ཙམ་ཇེ་ཐུང་དུ་སོང་ཡོད།
རྩོམ་སྒྲིག་པ།སྣང་རྡོར།