བོད་ཀྱི་ཁྱད་ལྡན་ཤང་གྲོང་གི་ངོ་མཚར། གནའ་རབས་ལོ་རྒྱུས་ལས་འཕྲོས་པའི་རྒྱ་མའི་འཕོ་འགྱུར།
སྤེལ་དུས 2019-10-06
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
རྩོམ་པ་པོ།
མལ་གྲོ་གུང་དཀར་ནས་ལམ་ཐག་སྤྱི་ལེ༡༥ཡི་སར་གནས་པའི་རྒྱ་མ་གྲོང་ཚོ་ནི་ཆ་སྙོམས་ཀྱི་མཐོ་ཚད་ལ་སྨི༤༠༠༠ཟིན་པ་དང་། མཐའ་བཞི་སྤང་རིས་སྐོར་ཞིང་། ཡུལ་ལྗོངས་ལྟ་ན་སྡུག་ལ་དམིགས་བསལ་གྱི་ས་གཤིས་གནས་བབ་དང་རང་བྱུང་ཐོན་ཁུངས་མཆིས་ཁར། ལོ་རྒྱུས་རིག་གནས་ཡུན་རིང་ལྡན།
གནས་འདི་ནི་སྲོང་བཙན་སྒམ་པོའི་འཁྲུངས་གཞིས་ཡིན་སྟེ། བོད་ཀྱི་ལོ་རྒྱུས་རགས་རིམ་གཡུ་ཡི་ཕྲེང་བའི་ནང་སྲོང་བཙན་སྒམ་པོ་ནི་ཡབ་གནམ་རི་སྲོང་བཙན་དང་ཡུམ་ཚེ་སྤོང་བཟའ་གཉིས་ཀྱི་སྲས་སུ་མལ་གྲོ་གུང་དཀར་རྒྱ་མ་གྲོང་ཚོའི་བྱམས་པ་མི་འགྱུར་གླིང་ཕོ་བྲང་དུ་འཁྲུངས་ཞེས་འཁོད་ཡོད་ཅིང་། ད་ལྟའི་ཆར་གནས་འདིའི་ཐུན་མིན་གྱི་ཁྱད་ཆོས་དང་རིག་གནས་རྒྱབ་ལྗོངས་དབང་གིས་ཡུལ་སྐོར་བའི་ཡིད་ཀྱི་དབང་པོ་ལྷག་ཏུ་འཕྲོག་བཞིན་མཆིས།
རྒྱང་རིང་བླངས་པའི་སྲོང་བཙན་གྱི་དྲན་གསོ་ཁང་།
རྣམ་བཀྲའི་མེ་ཏོག་ཁྲ་ཆིལ་དུ་བཞད་ཅིང་། བྱ་བྱིའུ་ཡི་སྐད་སྒྲ་རྣ་བར་འཇེབས་པའི་དབྱར་གཞུང་གི་དུས་འདིར་ང་ཚོའི་གོམ་པའི་འདེགས་ཕྱོགས་རྒྱ་མ་གྲོང་ཚོའི་ཡུལ་སྐོར་གྱི་གནས་གཞན་ཞིག་སྟེ་ཧོར་ཁང་གཞིས་ཀའི་ཕྱོགས་སུ་བསྒྱུར་བ་ཡིན། དེ་ཡང་སྒེར་ཧོར་ཁང་གཞིས་ཀ་ནི་མལ་གྲོའི་སྒེར་ཁག་གི་ནང་ནས་འཛིན་ཁོངས་གཞི་རྒྱ་ཆེ་ཤོས་ཤིག་ཡིན་ལ། དེ་ནི་ཧོར་ཇིང་གེར་གྱི་རྒྱལ་རྒྱུད་གསང་གཞུང་བར་ཏར་ཇིང་གེར་དཔོན་ཞེས་པ་དུས་རབས་བཅུ་བདུན་པའི་ནང་ལྷ་སར་འབྱོར། སྐབས་དེ་དུས་ནས་ཕ་གཞིས་སྦྱོར་འཇགས་བྱུང་བ་དང་། མ་གཞིས་གནས་ཡུལ་རྒྱ་མ་ཁྲི་ཁང་ནི་ས་སྐྱའི་དུས་བོད་ཁྲི་སྐོར་བཅུ་གསུམ་གྲས་ཡིན།
དེ་ཡང་མི་ལོ་བརྒྱད་བརྒྱ་ལྷག་གི་ལོ་རྒྱུས་ལྡན་པའི་རྒྱ་མ་ཁྲི་ཁང་ནི་ཐོག་མར་བཀའ་གདམས་པའི་དུས་སུ་སྐྱེས་ཆེན་དམ་པའི་ཞུགས་གནས་ཡིན་པ་དང་། ཕྱིས་སུ་བོད་ཁྲི་སྐོར་བཅུ་གསུམ་གྱི་སྐབས་སུ་ཁྲི་སྐོར་བཞུགས་གནས་སུ་གྱུར། དེ་རྗེས་མི་དྲག་རྗེ་དཔོན་གྱི་ཞུགས་གནས་ལ་གྱུར་མོད། འོན་ཀྱང་ཕྱིས་སུ་ཧོར་ཁང་གཞིས་ཀའི་ཁྱིམ་ཚང་གི་དགོན་པར་གྱུར་བ་རེད།
གསར་འགོད་པ་བསྟན་དབང་དང་ཟླ་བ་ཚེ་རིང་ནས་ཡུལ་སྐོར་ལས་ཁུངས་ཀྱི་འགན་འཁུར་བར་བཅར་འདྲི་ཞུ་བཞིན་པ།
ལོ་རྒྱུས་ཡུན་རིང་ལྡན་པའི་ས་མཐོའི་གྲོང་ཚོ་དེ་སྤྱི་ཚོགས་རིང་ལུགས་ཀྱི་ཀྲུང་གོ་གསར་པར་འཕེལ་རྒྱས་ཀྱི་མྱུར་ལམ་དུ་བགྲོད་པ་དང་། ལྷག་པར་དུ་གནད་སྨིན་དབུལ་སྐྱོར་དང་། གནད་སྨིན་དབུལ་སྒྲོལ་གྱི་ལོ་རྒྱུས་རང་བཞིན་དུས་མཚམས་འདིར་ཐོན་ལས་གོང་འཕེལ་དང་། དཔལ་འབྱོར་འབྱོར་ཕྱུག འཚོ་བ་བདེ་སྐྱིད་ལྡན་པར་གྱུར་ནས་གངས་ལྗོངས་ས་མཐོའི་ལོ་ངོ་སྟོང་གི་འཕོ་འགྱུར་མངོན་བཞིན་ཡོད།
ལོ་རྒྱུས་ཀྱི་ཤུལ་ལམ་རིང་པོའི་ཁྲོད་འཕེལ་རྒྱས་ཀྱི་གོམས་བགྲོད་མྱུར་པོ་སྤོ་བཞིན་པའི་གྲོང་ཚོ་འདི་ནི་ཡང་དག་ཏང་གི་སྲིད་ཇུས་དང་སྤུན་ཟླའི་ཞིང་ཆེན་གྱིས་རོགས་རམ། རང་ཡུལ་ཁྱད་ལྡན་ཐོན་ཁུངས་བཅས་ལ་བརྟེན་ནས་འབྱོར་འབྲིང་ལམ་བུའི་ཕྱོགས་སུ་བསྐྱོད་བཞིན་མཆིས་ལ། གནས་འདི་གའི་ཞིང་འབྲོག་མང་ཚོགས་ཀྱི་འབབ་འཕར་ཡང་མི་དམན་པ་ཞིག་བྱུང་ནས་དབུལ་སྒྲོལ་འགག་གཏོར་གོམ་པ་མཉམ་བགྲོད་ལས་ལྷག་པའི་ཕྱོགས་སུ་སྤོ་བཞིན་འདུག
རྩོམ་སྒྲིག་པ།སྣང་རྡོར།