ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

བློ་མཐུན་ཧུའུ་ཁྲུན་ཧྭ་བོད་ལ་ཕེབས་འདུག

སྤེལ་དུས 2019-10-15 ཡོང་ཁུངས། བོད་ལྗོངས་ཉིན་ཚགས། རྩོམ་པ་པོ།
          ཚེས་༡༡ཉིན་ནས་ཚེས་༡༣ཉིན་བར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན།  རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གསར་སྤེལ་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་ཧུའུ་ཁྲུན་ཧྭ་ཡིས་བོད་རང་སྐྱོང་ལྗོངས་སུ་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ལ་བརྟག་ཞིབ་གནང་ཞིང་། ཁོང་གིས་དབུལ་སྐྱོར་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱས་བཤད་གལ་ཆེན་ལག་བསྟར་གཏིང་ཟབ་བྱས་ཏེ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་གཞིར་བཟུང་། དམིགས་ཚད་ལ་དམ་པོར་དམིགས་པ་དང་ངར་ཤུགས་གཅིག་སྒྲིམ་གྱིས“ཁུལ་གསུམ་ཀྲོའུ་གསུམ”གཙོ་གནད་དུ་བཟུང་ནས། ཤིན་ཏུ་དབུལ་བའི་ས་ཁུལ་མགྱོགས་མྱུར་དབུལ་སྒྲོལ་ཐུབ་པར་བྱས་ཏེ། གྲོང་ཚོ་གཅིག་ཀྱང་མི་ལུས་པ་དང་མི་གཅིག་ཀྱང་མི་ལུས་པར་དུས་བཀག་ལྟར་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་མཐའ་གཅིག་ཏུ་ལེན་དགོས་པར་ནན་བཤད་གནང་བ་རེད། 

          བོད་ནི་གཅིག་སྡུད་ཡུག་སྦྲེལ་གྱི་ཤིན་ཏུ་དབུལ་བའི་ས་ཁུལ་དང་མཐའ་མཚམས་མི་རིགས་ས་ཁུལ་ཡིན་པས། རྨང་གཞིའི་ཆ་རྐྱེན་ཞན་པ་དང་དབུལ་སྒྲོལ་འགག་སྒྲོལ་གྱི་དཀའ་ཚེགས་ཆེན་པོ་ཡོད། ཧུའུ་ཁྲུན་ཧྭ་ཡིས་སྔ་རྗེས་སུ་ནག་ཆུའི་འབྲི་རུ་རྫོང་དང་གསེར་རྙེད་ཆུས། ལྷ་སའི་སྟག་རྩེ་ཆུས་དང་ཁྲེང་ཀོན་ཆུས། ལྷོ་ཁའི་གོང་དཀར་རྫོང་བཅས་ཀྱི་ཤིན་ཏུ་དབུལ་བའི་ཤང་གྲོང་དུ་ཕེབས་ཏེ། ས་གནས་དེ་གའི་དཀའ་ངལ་ཡོད་པའི་མང་ཚོགས་ལ་གཟིགས་པ་དང་། “འགན་ལེན་གསུམ”དང་འཐུང་ཆུའི་བདེ་འཇགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་དང་།   ས་ཆ་དངོས་ནས་ཐོན་ལས་དབུལ་སྐྱོར་དང་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་སོགས་ལས་དོན་གྱི་གནས་ཚུལ་ལ་གཟིགས་ཞིབ་གནང་བ་རེད། 
          ཧུའུ་ཁྲུན་ཧྭ་ཡིས་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་གྱི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་ཕྱོགས་ཡོངས་ནས་མཇུག་བསྡུ་བའི་དུས་མཚམས་སུ་བསླེབས་པར་བརྟེན།  ངེས་པར་དུ་རྒྱུན་སྲིང་ལྷོད་མེད་ངང་ཤིན་ཏུ་དབུལ་བའི་ས་ཁུལ་གྱི་མི་འབོར་དབུལ་པོ་ལྷག་མའི་དབུལ་སྒྲོལ་ལས་འགན་ལེགས་སྒྲུབ་ཡག་པོ་བྱས་ཏེ། གྲོང་གསེབ་ཀྱི་མི་འབོར་དབུལ་པོ་ཚང་མ་དབུལ་སྒྲོལ་ཐུབ་པའི་འགན་ལེན་བྱ་དགོས། གཞན་ཡང་མི་འབོར་དབུལ་པོའི“འགན་ལེན་གསུམ”དང་འཐུང་ཆུའི་བདེ་འཇགས་ཀྱི་ཞན་ཆ་ནུས་ལྡན་གསབ་ནས། ལས་ཐོར་བཀོད་པའི་ཐོ་རེ་རེ་བཞིན་གསབ་དགོས། དུས་ཐོག་ཏུ་ཕྱིར་མིག་བལྟས་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ལ་གོ་རིམ་ལྡན་པའི་གྲལ་བཤེར་གསེད་བཀྲོལ་དང་། གཅིག་ཤེས་ཀུན་གྲོལ་ངང་གནད་དོན་དག་ཐེར་ལ་དམ་འཛིན་ཡག་པོ་བྱས་ཏེ། དུས་བཀག་ལྟར་ཕྱོགས་ཡོངས་ནས་མཇུག་བསྡུ་བར་རྨང་གཞི་བརྟན་པོ་འདིང་དགོས།་པ་དང་།  དབུལ་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་བྱེད་ཤུགས་ཆེ་རུ་བཏང་སྟེ་ས་ཁུལ་དབུལ་པོའི་དབུལ་སྐྱོར་ཐོན་ལས་དང་རྫོང་ཁོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་སྟོབས་ཆེར་འགྲོ་བར་སྐུལ་འདེད་གཏོང་བ་དང་། ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་རྗེས་མཐུད་རོགས་སྐྱོར་ལས་དོན་ཡག་པོ་སྒྲུབ་པ། ས་ཁུལ་དབུལ་པོ་དང་མང་ཚོགས་དབུལ་པོའི་དབུལ་སྒྲོལ་ཕྱུག་འགྱུར་གྱི་ནང་རྐྱེན་སྒུལ་ཤུགས་རྒྱུན་མཐུད་ཆེ་རུ་གཏོང་བ་བཅས་བྱས་ནས། སླར་ཡང་དབུལ་པོར་འགྱུར་བའི་གནས་ཚུལ་གཏན་འགོག་ནུས་ལྡན་བྱ་དགོས་ཞེས་གསུངས་པ་རེད། 
                                                                                                                                                                         རྩོམ་སྒྲིག་པ། བོ་དོང་བདེ་སྒྲོལ།