ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

ནག་ཆུ་གྲོང་ཁྱེར་གྱིས་སྐབས་དང་པོའི་“ལས་ལམ་གཏོད་ནས་འབྱུང་འགྱུར་བསྐྲུན། གཞོན་ནུའི་ལང་ཚོའི་ཉམས་འགྱུར་ངོམ” ཞེས་པའི་ལས་ལམ་གསར་གཏོད་ཀྱི་རྟིང་རྩོད་འགྲན་སྡུར་ཆེན་མོ་སྤེལ་བ།

སྤེལ་དུས 2019-11-14 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པདྨ་ཚེ་རིང་གིས་བསྒྱུར།

          ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ་11པའི་ཚེས་11ཉིན། ནག་ཆུ་གྲོང་ཁྱེར་གྱིས་སྐབས་དང་པོའི་“ལས་ལམ་གཏོད་ནས་འབྱུང་འགྱུར་བསྐྲུན། གཞོན་ནུའི་ལང་ཚོའི་ཉམས་འགྱུར་ངོམ”ཞེས་པའི་ལས་ལམ་གསར་གཏོད་ ཀྱི་རྟིང་རྩོད་འགྲན་སྡུར་ཆེན་མོ་ནག་ཆུའི་བརྙན་འཕྲིན་ལས་ཁུངས་སུ་སྤེལ་བ་རེད། འགྲན་སྡུར་ཆེན་མོས་ནག་ཆུ་ས་ཁུལ་དང་རྒྱལ་ཡོངས་ཀྱི་ས་གནས་སོ་སོའི་ལས་གཏོད་མཁན་པོ་དག་གི་བར་ཕན་ཚུན་བསམ་བློ་བརྗེ་རེས་བྱེད་པར་ཤུགས་བསྣན་ཞིང་། སྲིད་གཞུང་དང་ཁྲོམ་ར། ཁེ་ལས་སོགས་རིགས་སོ་སོའི་ཐོན་ཁུངས་གཅིག་བསྡུས་སྒོས། ཀུན་གྱིས་ལས་ལམ་གཏོད།  ཚང་མས་གསར་གཏོད་བྱེད་ཅེས་པའི་མཐོ་རིམ་ལས་རིགས་སྟེགས་བུ་ཞིག་སྐྲུན་ནས། སྔར་ལས་ལྷག་པའི་འཇོན་མི་དང་ལག་རྩལ། རྣམ་གྲངས་དང་མ་རྩ་མང་པོ་ནག་ཆུ་ས་ཁུལ་དུ་རྐང་འཛུགས་པར་ཆ་རྐྱེན་སྐྲུན་པ་རེད། 

          ཉེ་བའི་ལོ་ཤས་རིང་། ནག་ཆུ་གྲོང་ཁྱེར་གྱིས་སྲིད་ཇུས་ཀྱི་རྒྱབ་སྐྱོར་དང་། མ་དངུལ་གྱི་རོགས་སྐྱོར། ལས་གཏོད་གསོ་སྐྱོང་། ཤེས་ལྡན་མི་སྣ་ནང་འདྲེན་བྱེད་པ་སོགས་ཀྱི་བྱེད་ཐབས་རབ་དང་རིམ་པ་དུས་ཐོག་ཏུ་བཏོན་ནས། རྒྱ་ཆེའི་གཞོན་ནུ་ཚོས་ལས་ལམ་གསར་གཏོད་ཀྱི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་བར་སྟོང་དང་གར་སྟེགས་ཆེན་པོ་ཞིག་མཁོ་འདོན་བྱས་ཡོད།
          ཡུལ་དངོས་སུ། རྟིང་རྩོད་འགྲན་སྡུར་ནང་ཚུད་པའི་ལས་གཞིའི་རྣམ་གྲངས་20ལྷག་གིས་རང་གི་ལས་གཞིའི་གནས་ཚུལ་མདོར་བསྡུར་དང་། ལས་རིགས་ཀྱི་མིག་སྔའི་གནས་བབ། ཁྲོམ་རའི་སྔོན་དཔག  ཁེ་ལས་ཀྱི་འགྲན་ཟླ། ཚོང་ལས་ཀྱི་དཔེ་དབྱིབས། ཉེན་ཁར་གཡོལ་ཐབས། ལས་གཏོད་དཔུང་སྡེ་སོགས་གཙོར་བཟུང་སྟེ། རང་ཉིད་ཀྱི་གསར་གཏོད་བསམ་བློ་དང་ལས་གཏོད་འདུ་ཤེས་རྒྱས་བཤད་བྱས་ཤིང་། འགྲན་སྡུར་ཆེན་མོའི་དཔྱད་འདེམས་ཨུ་ལྷན་གྱིས་འགྲན་ཞུགས་ལས་གཞི་ལ་ཚོང་ལས་ཀྱི་རྣམ་པ་དང་། ཕྱིར་འཚོང་གི་ཐབས་ལམ། ཚོང་རའི་དབྱེ་ཞིབ་སོགས་ཀྱི་ཐད་ལ་ཆེད་དུ་དམིགས་ནས་གནད་དོན་དང་གྲོས་གཞི་བཏོན་པ་རེད།

          ཆུ་ཚོད་6ལྷག་གི་རིང་ལ་འགྲན་རྩོད་དྲག་པོ་བྱས་པ་བརྒྱུད། བོད་ལྗོངས་འཇིགས་བརྟན་ཚོང་དོན་ཚད་ཡོད་ཀུང་སི་(ཕུགས་འདུན་སྙེག་མཁན)གཟེངས་སུ་ཐོན་ཏེ་ཐེངས་འདིའི་འགྲན་སྡུར་ཆེན་མོའི་བྱ་དགའ་ཨང་དང་པོ་ཐོབ་པ་དང་། ལྷ་རི་རྫོང་འཇམ་དབྱངས་བོད་སྨན་རྒྱུ་ཆ་ཚད་ཡོད་འགན་འཁྲི་ཀུང་སི་དང་བོད་ལྗོངས་ཉི་མ་རྫོང་མདོ་པ་ཚང་རིག་གནས་ཐོན་ལས་རྟེན་གཞི་གཉིས་ལ་བྱ་དགའ་ཨང་གཉིས་པ་ཐོབ་ཅིང་། ཏེ་ལན་མུའུ་དངོས་ཟོག་སྐྱེལ་འདྲེན་ཆ་འཕྲིན་ཞབས་ཞུའི་ལས་སྟེགས་ཀྱི་ལས་གཞི་དང་། ན་ཆིང་ཀྲན་ན• ཡུན་ཞིང་དམངས་སྡོད་ལས་གཞི། བོད་ལྗོངས་ཁུངས་གཙང་ཐོན་རྫས་གསར་སྤེལ་ཚད་ཡོད་ཀུང་སི་བཅས་ལ་ཐེངས་འདིའི་འགྲན་སྡུར་ཆེན་མོའི་བྱ་དགའ་ཨང་གསུམ་པ་ཐོབ་པ་རེད།
          རྒྱུས་ལོན་བྱུང་བར་ལྟར་ན། འགྲན་སྡུར་ཆེན་མོ་འདིས་གཞོན་ནུ་ལས་གཏོད་པ་དང་ལས་གཏོད་མཁན་པོའི་བར་གྱི་བར་ཐག་ཇེ་ཉེར་བཏང་བས། འགྲན་སྡུར་གྱི་གོ་རིམ་ཁྲོད་ལས་གཏོད་པ་ཚོར་རོགས་རམ་བྱས་ཏེ་ལས་གཞི་ལེགས་སྒྲིག་དང་། ཐོན་ཁུངས་བརྩོན་ལེན། ཁྲོམ་ར་གསར་འབྱེད་བཅས་བྱས་པ་དང་ཆབས་ཅིག་ཏུ་ལས་གཏོད་གཞོན་ནུ་ཚོར་ལས་གཏོད་སྲིད་ཇུས་གསར་ཤོས་ལ་རྒྱུས་ལོན་དང་། ལས་གཏོད་བརྒྱུད་རིམ་ཁྲོད་འཕྲད་པའི་དཀའ་ངལ་ཐག་གཅོད་བྱེད་རོགས་བྱས་པར་མ་ཟད། ལས་གཏོད་མཁན་པོ་དང་ལས་གཏོད་གཞོན་ནུ་ཚོར་ཉམས་མྱོང་དང་གྲུབ་འབྲས་མཉམ་སྤྱོད་བྱས་ནས་ལས་ལམ་གསར་གཏོད་ཀྱི་རྣམ་པ་བཟང་པོ་ཞིག་བསྐྲུན་པ་རེད།