ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

བོད་ལྗོངས་ཀྱི་སྐབས་དང་པོའི་“དགུན་དུས་ཀྱི་དམངས་ཕན་འཛད་སྤྱོད་སྐུལ་འདེད”བྱེད་སྒོ་འགོ་ཚུགས་ནས་བསྟུད་མར་ཟླ་12པའི་ཚེས་31ཉིན་བར་སྤེལ་རྒྱུ་རེད།

སྤེལ་དུས 2019-11-14 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། འབྲུག་རྒྱལ་མཁར་གྱིས་བསྒྱུར།
         ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ་11ཚེས་11ཉིན། བོད་ལྗོངས་ཀྱི་སྐབས་དང་པོའི་“དགུན་དུས་ཀྱི་དམངས་ཕན་འཛད་སྤྱོད་སྐུལ་འདེད”བྱེད་སྒོའི་འགོ་ཚུགས་མཛད་སྒོ་དང“ཁྱེད་ཀྱི་སེམས་ལ་དྲོ་སྐྱིད་སྦྱིན”ཞེས་པའི་ཞིང་ཕྱུགས་ཐོན་རྫས། ཁྱད་ལྡན་ཐོན་རྫས་ཀྱི་དྲ་ཐོག་ཚོང་དོན་ལྷ་སའི་ཆེད་དོན་བྲིན་ཚོང་བྱེད་སྒོ་བཅས་ལྷ་ས་གྲོང་ཁྱེར་ཀྱི་གྲོང་གསེབ་གློག་རྡུལ་ཚོང་དོན་དཔེ་སྟོན་རྣམ་གྲངས་ཀྱི་གྲོང་ཁྱེར་རིམ་པའི་སྤྱི་པའི་ཞབས་ཞུའི་ལྟེ་གནས་སུ་འགོ་ཚུགས་པ་རེད། བྱེད་སྒོ་འདི་བོད་རང་སྐྱོང་ལྗོངས་ཚོང་དོན་ཐིང་དང་། ལྷ་ས་གྲོང་ཁྱེར་སྲིད་གཞུང་། ཁྲེང་ཀོན་ཆུས་སྲིད་གཞུང་བཅས་ཀྱིས་གཙོ་སྒྲུབ་མཛད་པ་དང་། ལྷ་ས་གྲོང་ཁྱེར་ཚོང་དོན་ཅུས་དང་། ཁྲེང་ཀོན་ཆུས་དཔལ་འབྱོར་དང་ཆ་འཕྲིན་ཅན་ཅུས། ལྷ་ས་གྲོང་ཁྱེར་ཅིང་ཡུན་གློག་རྡུལ་ཚོང་དོན་ཚན་རྩལ་ཚད་ཡོད་ཀུང་སི་བཅས་ཀྱིས་འགན་སྒྲུབ་བྱས་པ་རེད། 

         ཤེས་རྟོགས་བྱུང་བར་གཞིགས་ན། བོད་རང་སྐྱོང་ལྗོངས་ཀྱི་སྐབས་དང་པོའི་“དགུན་དུས་ཀྱི་དམངས་ཕན་འཛད་སྤྱོད་སྐུལ་འདེད”བྱེད་སྒོ་དེ་“སྲིད་གཞུང་གིས་སྣེ་ཁྲིད་པ་དང་། ཁེ་ལས་གྲུབ་ཆ་གཙོ་བོ་ཡིན་པ། མང་ཚོགས་དེའི་ནང་ཞུགས་པ། ཐུན་མོང་གིས་འཛད་སྤྱོད་ལ་སྐུལ་འདེད་གཏོང་བ”བཅས་ཀྱི་བརྗོད་དོན་གཙོ་བོ་རྒྱུན་འཁྱོངས་བྱས་ནས་སྤེལ་བ་དང་། “ཁྱེད་ཀྱི་སེམས་ལ་དྲོད་སྐྱིད་སྦྱིན་པ། ཁྱེད་ཀྱི་ལག་ལེན་ལ་དྲོད་སྐྱིད་སྦྱིན་པ། ཁྱེད་ཀྱི་ཕོ་བར་དྲོད་སྐྱིད་སྦྱིན་པ། ཁྱེད་ཀྱི་ཁྱིམ་ལ་དྲོད་སྐྱིད་སྦྱིན་པ། ཁྱེད་རང་རང་ཁྱིམ་དུ་ལོག་པའི་ལམ་ལ་དྲོད་སྐྱིད་སྦྱིན་པ”ཞེས་པའི་ནང་གསེས་ཀྱི་བྱེད་སྒོ་ཆུང་གྲས་ཁག་བརྒྱུད་དེ་སྤེལ་བ་དང་། བསྟུད་མར་ ་ཟླ་12པའི་ཚེས་31ཉིན་བར་སྤེལ་རྒྱུ་རེད། 
         ད་ཐེངས་ཀྱི་བྱེད་སྒོ་འདི་དུས་ཚོད་ཀྱི་སྟེང་ནས་‘ཟླ་བཅུ་གཅིག་པའི་ཚེས་བཅུ་གཅིག’དང་‘ཟླ་བཅུ་གཉིས་པའི་ཚེས་བཅུ་གཉིས’དང་། ལུགས་གསར་གནམ་ལོ་གསར་ཚེས་དང་། དཔྱིད་གསར་དུས་ཆེན། བོད་ལུགས་ལོ་གསར་སོགས་དུས་ཆེན་ཆེ་གྲས་ལྔ་དང་འབྲེལ་མཐུད་བྱས་ཏེ། ཡུལ་གྱི་བར་སྟོང་གི་ངོས་ནས་བརྗོད་ན་གྲོང་ཁྱེར་དང་གྲོང་གསེབ་གཉིས་ལ་ཁྱབ་པ་དང་། ལས་རིགས་ཀྱི་སྟེང་ནས་བརྗོད་ན་བཟའ་བཏུང་དང་། སིལ་ཚོང་། གློག་རྡུལ་ཚོང་དོན་སོགས་སྣ་མང་ཚུད་ཡོད། དེའི་དམིགས་ཡུལ་ནི་འཛད་སྤྱོད་ཀྱི་ཁོར་ཡུག་བཟང་པོ་གཏོད་པ་དང་། ཁེ་ལས་ཀྱི་ཁེ་ཕན་སྤྲད་ནས་ཕྱིར་འཚོང་ལ་སྐུལ་འདེད་གཏོང་བ། མང་ཚོགས་ཀྱི་ཉོ་སྒྲུབ་འདུན་པ་འཕེལ་བར་བྱེད་པ། ཚོང་ཟོག་མཁོ་འདོན་བྱེད་ཤུགས་ཆེ་རུ་གཏོང་བ། གྲོང་ཁྱེར་དང་གྲོང་གསེབ་འཛད་སྤྱོད་ཀྱི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་བྱེད་པ། དཔལ་འབྱོར་འཕར་རྒྱུར་སྐུལ་ཁྲིད་བྱེད་པ། མང་ཚོགས་ཀྱི་དམངས་འཚོར་ཕན་པ་ཐོབ་པར་བྱེད་པ་བཅས་ཀྱི་ཆེད་དུ་ཡིན”ཞེས་བོད་རང་སྐྱོང་ལྗོངས་ཚོང་དོན་ཐིང་གི་འགོ་གཙོ་གཞོན་པ་སྐལ་བཟང་སྨོན་ལམ་གྱིས་དེ་ལྟར་བཤད། 

         དེ་དང་ཆབས་ཅིག “ཁྱེད་ཀྱི་སེམས་ལ་དྲོད་སྐྱིད་སྦྱིན”ཞེས་པ་དང་ཁྱད་ལྡན་ཐོན་རྫས་ལྷ་སའི་ཆེད་དོན་བྲིན་ཚོང་བྱེད་སྒོས་དཔྱིད་གསར་བསུ་བའི་ལོ་གསར་གྱི་མཁོ་ཆས་འགྲེམས་ཚོང་དང་། སྤུས་ལེགས་ཚོང་ཟོག་བྲིན་ཚོང་། ཕན་བདེའི་བྲིན་ཚོང་ལ་བརྟེན་ནས་དགའ་བསུ་ཐོབ་ཐབས་བྱེད་པ། བློ་བདེའི་འཛད་སྤྱོད་ཀྱིས་ཞི་མཐུན་ལ་སྐུལ་འདེད་གཏོང་བ་སོགས་དམངས་ཕན་གྱི་བྲིན་ཚོང་གཟིགས་སྐྱོང་བྱེད་སྒོ་སྤེལ་ནས། མང་ཚོགས་སོ་སོའི་ཁམས་དང་མོས་པ་དང་།  སྣ་མང་ཅན།  སྤུས་ལེགས་ཅན་བཅས་ཀྱི་འཛད་སྤྱོད་དགོས་མཁོ་བསྐངས་ནས་འཛད་སྤྱོད་ཀྱི་མྱོང་བ་མཐོ་རུ་གཏོང་བ་དང་། དུས་མཚུངས་སུ་ད་དུང་གྲོང་ཚོ་དབུལ་པོའི་ཐོན་རྫས་འགྲེམས་ཚོང་སྤེལ་རེས་དང་། གྲོང་ཚོ་དབུལ་པོའི་ཐོན་རྫས་ཁྲོམ་རར་བསྐྱོད་པར་སྐུལ་འདེད། དབུལ་ཕོངས་ཁྱིམ་ཚང་དབུལ་ཐར་དང་ཡོང་འབབ་མཐོ་རུ་གཏོང་བར་རོགས་རམ་བྱེད་པ་སོགས་རྩ་འཛུགས་བྱས་ཡོད། 
         ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་སྲིད་གཞུང་གི་ཆུས་ཀྲང་གཞོན་པ་ཀྲང་ཅན་ཧྭ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། ཉེ་བའི་ལོ་ཤས་རིང་ཁྲེང་ཀོན་ཆུས་ཀྱིས་བདེ་ཐང་ཐོན་ལས་ཤུགས་ཆེན་པོས་འཕེལ་རྒྱས་སུ་བཏང་བ་དང་། ཟོག་འདྲེན་དང་། སྔོ་ཚལ། ཞིང་ཞོར་ཐོན་རྫས་ཐད་ཚོང་ཀྱི་ཞབས་ཞུའི་ཆུ་ཚད་བཅས་མཐོ་རུ་བཏང་ལ། ཕྱུགས་རིགས་གསོ་ཚགས་འཕེལ་རྒྱས་ཆེན་པོ་བཏང་ཞིང་། གཟན་ཆས་འདེབས་འཛུགས་དང་། ལས་སྣོན་བྲིན་ཚོང་། ཁྲོམ་རའི་ཚོང་གཉེར་སོགས་ཐོན་ལས་སྦྲེལ་ཐག་གི་རྒྱ་ཆེ་རུ་བསྐྱེད་པ། བོད་ལྗོངས་དག་གཙང་ཞིང་ཁམས་འོ་ལས་དང་། ཇོ་ཁང་ཆུ་མིག བོད་གཙང་ཆུ་མིག་སོགས་ཐོན་རྫས་ལེགས་གྲས་དག་ནུས་ཤུགས་ཡོད་རྒུ་བཏོད་ནས་འཕེལ་རྒྱས་བཏང་སྟེ། དག་གཙང་ཞིང་ཁམས་ཀྱི་བདེ་ཐང་ཐོན་ལས་དང་། ཡུལ་སྐོར་རིག་གནས་ཐོན་ལས། དེང་རབས་ཞབས་ཞུའི་ལས་རིགས་བཅས་མཉམ་འདྲེས་འཕེལ་རྒྱས་དང་མཐུན་སྦྱོར་སྐུལ་སྤེལ་བཅས་མངོན་འགྱུར་ཐུབ་པ་བྱས། 2019ལོར་ལྗོངས་ཡོངས་ཀྱི་སྤྱི་ཚོགས་སིལ་ཚོང་ཐོན་རྫས་བསྡོམས་འབོར་སྔོན་དཔག་བྱས་ན་སྒོར་དུང་ཕྱུར་137ཟིན་པ་དེ་དུས་མཚུངས་ལས་13%འཕར་ཐུབ། ཀྲང་ཅན་ཧྭ་ཡིས་བསྟན་དོན། “ཁྱེད་ཀྱི་སེམས་ལ་དྲོད་སྐྱིད་སྦྱིན་པ”ཞེས་པ་དང་ཁྱད་ལྡན་ཐོན་རྫས་ལྷ་སའི་ཆེད་དོན་བྲིན་ཚོང་བྱེད་སྒོ་སྤེལ་བའི་དམིགས་ཡུལ་ནི་ཐོན་རྫས་དང་འཛད་སྤྱོད་པའི་བར་གྱི་བར་ཐག་ཐུང་དུ་གཏོང་རྒྱུ་དང་། ཁེ་ལས་འཕེལ་རྒྱས་དང་སྟོབས་ཆེར་གཏོང་བའི་གོ་སྐབས་ཐོབ་ཐབས་བྱེད་པ། འཛད་སྤྱོད་པར་དངོས་ཕན་དེ་བས་མང་པོ་ཐོབ་པ་བཅས་བྱ་རྒྱུ་དེ་ཡིན་ལ། དེ་མ་ཟད་ད་ཐེངས་ཀྱི་བྱེད་སྒོའི་གོ་སྐབས་འདི་ལ་བརྟེན་ནས། སྲིད་གཞུང་གི་ཞབས་ཞུའི་ནུས་པ་སྔར་བས་ཆེ་རུ་གཏོང་བ་དང་། ཚོང་གཉེར་ཁོར་ཡུག་ཇེ་ལེགས་སུ་གཏོང་བ། ཐོན་ལས་མགྱོགས་མྱུར་འཕེལ་རྒྱས་གཏོང་བ། འཛད་སྤྱོད་པར་སྔར་ལས་སྤུས་ཀ་ལེགས་པའི་ཐོན་རྫས་མཁོ་འདོན་བྱེད་པ། མི་དམངས་མང་ཚོགས་ལ་བཅོས་སྒྱུར་སྒོ་འབྱེད་ལས་བྱུང་བའི་དངོས་ཕན་སྔར་ལས་མང་པོ་ཞིག་ལོངས་སུ་སྤྱོད་ཐུབ་པ་བྱ་རྒྱུ་དེ་ཡིན་ཞེས་བསྟན། 

         ཚོགས་འདུའི་ཐོག་ལྷ་ས་གྲོང་ཁྱེར་ཅིན་ཡུན་གློག་རྡུལ་ཚོང་དོན་ཚན་རྩལ་ཚད་ཡོད་ཀུང་སི་དང་སྦྲག་ལས་ཉོ་སྒྲུབ་(སྦྲག་སྲིད་ལྷ་ས་ཡན་ལག་ཀུང་སི)དང་། སུའུ་ཉིང་ཉོ་སྒྲུབ་ཚོགས་པ་མ་རྐང་ཚད་ཡོད་ཀུང་སི། པེ་ཅིང་ཅིང་ཏུང་དུས་རབས་ཚོང་དོན་ཚད་ཡོད་ཀུང་སི་བཅས་ཀྱིས་ལྷ་སའི་ཞིང་ལས་ཁྱད་ལྡན་ཐོན་རྫས་དབུལ་སྐྱོར(ཁྱད་ལྡན)ཁང་དུ་བསྐྱོད་པའི་གྲོས་མཐུན་བཞག་པ་རེད། དེ་རྗེས་སྐལ་བཟང་སྨོན་ལམ་དང་ཁོ་ཚོའི་ཞིང་ཕྱུགས་ལས་ཁྱད་ལྡན་ཐོན་རྫས་དང་ཁྱད་ལྡན་ཐོན་རྫས་ལྷ་སའི་ཆེད་དོན་བྲིན་ཚོང་ཚོགས་འདུར་གཟིགས་སྐོར་གནང་ནས། ཁྱིན་ཚང་དབུལ་པོའི་ཐོན་རྫས་ཀྱི་ཁྱད་ཆོས་དང་ཕྱིར་ཚོང་བྱེད་སྟངས་བཅས་ལ་བཀའ་འདྲི་ཞིབ་ཕྲ་གནང་བ་མ་ཟད། ཁོ་ཚོར་སྐུལ་ལྕག་དང་མཛུབ་ཁྲིད་གནང་ནས་ཁྱིམ་ཚང་དབུལ་པོའི་ཡོང་འབབ་མཐོ་རུ་གཏོང་བར་རོགས་རམ་བྱས་པ་རེད།