ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

ཡུན་ནན་བདེ་ཆེན་གྱི་ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པ་པེ་ཅིང་དུ་ཡོང་ནས་རིན་མེད་སྨན་བཅོས་དང་ལེན་བྱས།

སྤེལ་དུས 2019-11-15 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པད་མ་རྒྱལ་གྱིས་བསྒྱུར།
    ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན།  ཟླ་11པའི་ཚེས་12ཉིན། ཡུན་ནན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པ་གསུམ་ཕ་མ་དང་“སེམས་མཐུན། ཀྲུང་གོའི་སེམས་པ་མཉམ་གཏོད”ཅེས་པའི་དང་བླངས་པའི་འགྲོ་རོགས་འོག་པེ་ཅིང་དུ་སླེབས་ཏེ་རིན་མེད་སྨན་བཅོས་དང་ལེན་བྱེད་པའི་གྲ་སྒྲིག་བྱས།

   འདི་ནི་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་དེ་སྔའི་ཏང་ཙུའུ་ཧྲུའུ་ཅི་ཨན་ཆི་དབྱི་ཡིས་ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པ་པེ་ཅིང་དུ་སླེབས་པར་དགའ་བསུ་ཞུ་བཞིན་པ།  
        ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་དེ་སྔའི་ཏང་ཙུའུ་ཧྲུའུ་ཅི་ཨན་ཆི་དབྱི་དང་། ཀྲུང་ཉི་མཛའ་གྲོགས་སྨན་ཁང་། རྒྱལ་སའི་གསོ་རིག་ཚན་རིག་སློབ་ཆེན་གྱི་ཞོར་གཏོགས་ཏེ་པེ་ཅིང་ཐེན་ཐན་སྨན་ཁང་གི་སྨན་བཅོས་རིགས་གཅིག་མཁས་ཅན་དང་། “སེམས་མཐུན། ཀྲུང་གོའི་སེམས་པ་མཉམ་གཏོད”ཅེས་པའི་དང་བླངས་པ་བཅས་ཀྱིས་མེ་འཁོར་བབས་ཚུགས་སུ་བྱིས་པ་གསུམ་ལ་བསུ་ལེན་བྱས་ཤིང་། དགའ་བསུ་ཞུ་བའི་མཛད་སྒོ་རགས་བསྡུས་སྤེལ་རྗེས། བྱིས་པ་རྣམས་ཁྱིམ་མི་དང་སྨན་དོན་ལས་མིའི་འགྲོ་རོགས་འོག ཀྲུང་ཉི་མཛའ་གྲོགས་སྨན་ཁང་དང་པེ་ཅིང་ཐེན་ཐན་སྨན་ཁང་དུ་སོང་ནས་སྨན་བཅོས་དང་ལེན་བྱས་པ་རེད། 

        འདི་ནི་བདེ་ཆེན་གྱི་ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པ་པེ་ཅིང་ཡོང་བར་དགའ་བསུ་ཞུ་བཞིན་པ།    
        ཀྲུང་ཉི་མཛའ་གྲོགས་སྨན་ཁང་གི་སྨན་པ་ཧན་ཀྲི་ཝེས་ངོ་སྤྲོད་བྱས་པར་གཞིགས་ན། ཐེངས་འདིར་ཀྲུང་ཉི་མཛའ་གྲོགས་སྨན་ཁང་དུ་ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པ་གཉིས་ཀྱིས་སྨན་བཅོས་དང་ལེན་བྱ་རྒྱུ་ཡིན་པ་དང་། ཐོག་མའི་ངོས་འཛིན་བྱས་པ་བརྒྱུད། བྱིས་པ་འདི་གཉིས་ཀྱི་ནད་རྟགས་ཚང་མ་ནི་འཕར་རྩའི་འདྲེན་སྦུག་གི་སྒོ་བརྒྱབ་མེད་པ་དང་། སྨན་ཁང་དུ་བསྡད་རྗེས་སྨན་པས་ཁོ་ཚོར་དགོས་ངེས་ཀྱི་བརྟག་དཔྱད་འགའ་བྱེད་རྒྱུ་ཡིན་ཞིང་། སྨན་ཁང་གིས་ཀྱང་སྨན་ཁང་ཡོངས་ཀྱི་རིག་ཚན་སྣ་མང་རྩ་འཛུགས་བྱས་ནས་གྲོས་བསྡུར་བྱས་རྗེས་བརྟག་དཔྱད་དང་གྲོས་བསྡུར་གྱི་མཇུག་འབྲས་ལ་གཞིགས་ནས་མགྱོགས་མྱུར་སྒོས་གཤགས་བཅོས་སྨན་བཅོས་བྱ་རྒྱུ་ཡིན་ཞེས་བཤད།
        བྱིས་པ་གསུམ་པོ་པེ་ཅིང་དུ་རིན་མེད་གཤགས་བཅོས་བྱེད་དུ་ཡོང་ཐུབ་པར་ཁོ་ཚོའི་ཕ་མ་རྣམས་དགའ་སྤྲོ་དང་སེམས་འཚབ་མཉམ་སྐྱེས་བྱུང་སྟེ་སེམས་སུ་རེ་བས་ཁེངས་འདུག “ཆེད་མཁས་པ་སློབ་གྲྭར་ཡོང་ནས་ཞིབ་བཤེར་བྱེད་དུས་བུ་མོར་ལྷན་སྐྱེས་ཀྱི་སྙིང་ནད་ཕོག་ཡོད་པ་ཤེས། ཐེངས་འདིར་པེ་ཅིང་དུ་ནད་ལ་ལྟ་བར་ཡོང་བའི་གོ་སྐབས་བྱུང་བས། ཚང་མས་ང་ཚོར་རོགས་རམ་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”ཞེས་ཚེ་རིང་དཔལ་འཛོམས་ཀྱི་ཨ་མས་དེ་ལྟར་བཤད། 
        ཤེས་རྟོགས་བྱུང་བར་ལྟར་ན། ཚད་གཞི་ཆེ་ཤོས་ཀྱི་སྒོ་ནས་ནད་པའི་དཔལ་འབྱོར་གྱི་ཁུར་པོ་ཐག་གཅོད་བྱ་ཆེད། ཐེངས་འདིའི་རོགས་སྐྱོབ་ཀྱི་བརྒྱུད་རིམ་ཁྲོད། “སེམས་མཐུན། ཀྲུང་གོའི་སེམས་པ་མཉམ་གཏོད”ཀྱི་སྒྲིག་འཛུགས་ཨུ་ལྷན་གྱིས་ནད་པའི་སྨན་བཅོས་ཀྱི་འགྲོ་གྲོན་དང་དེ་བཞིན་ཁྱིམ་མིའི་འགྲིམ་འགྲུལ་དང་འཚོ་བའི་འགྲོ་གྲོན་ཚང་མར་འགན་འཁུར་རྒྱུ་རེད། 
        “སེམས་མཐུན། ཀྲུང་གོའི་སེམས་པ་མཉམ་གཏོད”ཞེས་པའི་སྤྱི་ཕན་བྱ་འགུལ་ཆེ་གྲས་འདི་ནི་2008ལོ་ནས་འགོ་ཚུགས་པ་ནས་བཟུང་། སྔ་རྗེས་སུ་སྨན་དོན་དང་བླངས་པ་ཁྲི་གཉིས་ལྷག་ཙམ་སྒྲིག་འཛུགས་བྱས་ཏེ་བོད་ལྗོངས་དང་ཞིང་ཆེན་བཞིའི་བོད་ཁུལ་དུ་བསྐྱོད་ནས་རིགས་སོ་སོའི་སྤུན་ཟླ་མི་ཐེངས་ཁྲི་50ལྷག་ཙམ་ལ་བདེ་ཐང་སྤྱི་ཕན་གྱི་རོགས་སྐྱོར་བྱས་ཏེ། ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པ་1500ལྷག་ཙམ་ལ་རིན་མེད་གཤགས་བཅོས་ཀྱི་སྨན་བཅོས་བྱས་པ་རེད།