ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

2019ལོའི་“དགུན་དུས་བོད་ལྗོངས་སུ་ཡུལ་སྐོར་བྱེད་པ”དང་ས་སྐྱ་རྫོང་གི་ཡུལ་སྐོར་འོས་སྦྱོར་ཚོགས་འདུ་ཧྲང་ཧའེ་རུ་འཚོགས།

སྤེལ་དུས 2019-11-15 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པདྨ་ཚེ་རིང་གིས་བསྒྱུར།
        ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ་11པའི་ཚེས་13ཉིན་གྱི་སྔ་དྲོར། བོད་རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཐིང་གིས་གཙོ་གཉེར་བྱས་པའི་2019ལོའི་“དགུན་དུས་བོད་ལྗོངས་སུ་ཡུལ་སྐོར་བྱེད་པ”དང་“ལོ་ངོ་སྟོང་གི་ས་སྐྱའི་གནའ་གྲོང་”ཞེས་པའི་ཡུལ་སྐོར་འོས་སྦྱོར་ཚོགས་འདུ་ཧྲང་ཧའེ་རུ་འཚོགས་པ་རེད།
        བོད་རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཐིང་གི་འགོ་གཙོ་ཝང་སུང་ཕིང་དང་། ཧྲང་ཧའེ་གྲོང་ཁྱེར་རིག་གནས་ཡུལ་སྐོར་ཅུས་ཀྱི་ཅུས་ཀྲང ་གཞོན་པ་ཝང་ཝུའེ་གཉིས་ཚོགས་འདུར་ཞུགས་ནས་ཤིས་ཚིག་ཕུལ་བ་དང་།  ཧྲང་ཧའེ་གྲོང་ཁྱེར་གྱི་ཞུས་ཧུའེ་ཁུལ་མི་དམངས་སྲིད་གཞུང་དང་། ཧྲང་ཧའེ་གྲོང་ཁྱེར་གྱི་ཞུས་ཧུའེ་ཁུལ་རིག་གནས་ཡུལ་སྐོར་ཅུས། ས་སྐྱ་རྫོང་གི་སྲིད་གཞུང་སོགས་ལས་ཁུངས་ཀྱི་འཐུས་མི་རྣམས་ཀྱང་ཐེངས་འདིའི་འོས་སྦྱོར་ཚོགས་འདུར་ཞུགས་ཤིང་། དེ་མིན་ཡུལ་དངོས་སུ་གཞན་ད་དུང་ཡུལ་སྐོར་ཚོང་པ་150ལྷག་དང་གསར་འགྱུར་སྨྱན་སྦྱོར་གྱི་འཐུས་མིའང་མང་པོ་ཞིག་སླེབས་འདུག 

《བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས》ཞེས་པའི་ཞབས་བྲོ་འཁྲབ་བཞིན་པ།
        འོས་སྦྱོར་ཚོགས་འདུ་མགོ་བརྩམས་མ་ཐག  ས་ཁུལ་གྱི་ཁྱད་ཆོས་མངོན་པར་དོད་པའི་《བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས》ཞེས་པའི་ཞབས་བྲོ་འཁྲབ་ཅིང་། ལྡེམ་མྱུར་འཁྱུག་པའི་གར་གྱི་སྟངས་སྟབས་དང་སྙན་ཞིང་འཇེབས་པའི་གླུས་ཚོགས་ཞུགས་པ་རྣམས་ངོ་མཚར་ཡིད་དུ་འོང་བའི་མཛེས་སྡུག་གི་བོད་ལྗོངས་ཀྱི་ཞིང་ཁམས་སུ་དྲངས་བྱུང་། 
        ཝང་སུང་ཕིང་གིས་ཤིས་ཚིག་གསུང་སྐབས་བསྟན་དོན། བོད་ལྗོངས་ནི་རྒྱལ་ཡོངས་ཀྱི་ཞིང་ཆེན་རིམ་པའི་གཅིག་སྡུད་་ཡུག་འབྲེལ་གྱི་དབུལ་ཕོངས་ས་ཁུལ་གཅིག་པུ་ཡིན་པ་དང་། ཡུལ་སྐོར་དབུལ་སྐྱོར་གྱིས་བོད་ལྗོངས་དབུལ་ཐར་འགག་སྒྲོལ་བྱེད་པའི་ཁྲོད་དུ་གོ་གནས་ཧ་ཅང་གལ་ཆེན་བཟུང་ཡོད་ལ་ནུས་པ་ཧ་ཅང་ཆེན་པོ་ཐོན་བཞིན་ཡོད་པས། དེ་བོད་ལྗོངས་དུས་ལྟར་དབུལ་ཐར་འགག་སྒྲོལ་ཐུབ་མིན་གྱི་གནད་འགག་གལ་ཆེན་ཞིག་ཏུ་གྱུར་ཡོད།  ད་སྐབས་བོད་ལྗོངས་ཡུལ་སྐོར་ གྱིས་ སྔར་ལ་འཕྲད་མ་མྱོང་བའི་སྐོར་ལན་གསར་པའི་ནུས་ལྡན་ལོ་རྒྱུས་ཀྱི་གོ་སྐབས་གསར་པ ཞིག་ བསུ་བས། ཡུལ་སྐོར་ལས་རིགས་ཀྱི་སྲིད་ཇུས་ཁོར་ཡུག་དང་ཡུལ་སྐོར་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བའི་རྨང་གཞིའི་ཆ་རྐྱེན་གང་གི་ཆ་ནས་བལྟས་ནའང་། བོད་ལྗོངས་ཀྱི་དགུན་དུས་ཡུལ་སྐོར་ལས་རིགས་དེ་འཕེལ་རྒྱས་ཀྱི་དུས་སྐབས་ཡག་ཤོས་ཤིག་ཏུ་བསྐྱོད་གྲབས་འདུག དེ་བས། མཚམས་འདིར། དུས་ཡུན་རིང་པོར་བོད་ལྗོངས་ཀྱི་ཡུལ་སྐོར་ལས་རིགས་ལ་སེམསཁུར་་དང་རྒྱབ་སྐྱོར་གནང་མཁན་གྱི་རིགས་སོ་སོའི་མི་རྣམ་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་གསུངས། 

        ས་སྐྱ་རྫོང་གི་ཡུལ་སྐོར་འོས་སྦྱོར་འཐུས་མིས་ཡུལ་དངོས་སུ་ཕེབས་པའི་མགྲོན་པོ་ཚོར་ས་སྐྱའི་ཡུལ་སྐོར་ཐོན་ཁུངས་མཚམས་སྦྱོར་ཞིབ་ཕྲ་གནང་ནས་ས་སྐྱའི་ཡུལ་སྐོར་དྲིལ་བསྒྲགས་བརྙན་པར་བསྟན་བྱུང་། ཀུན་གྱིས་ས་སྐྱ་རྫོང་ལ་“དབུ་བླའི་ཕ་ཡུལ་། ལོ་ངོ་སྟོང་གི་གནའ་གྲོང་”ཞེས་པའི་མཚན་སྙན་གསོལ་ཞིང་། ཡུལ་འདི་བོད་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་ལ་ཇོ་མོ་གླང་མར་ཡུལ་སྐོར་བྱེད་དུས་ངེས་པར་དུ་བརྒྱུད་དགོས་པའི་ས་ཆ་ཞིག་ཡིན། འོས་སྦྱོར་ཚོགས་འདུའི་ཡུལ་དངོས་སུ། ས་སྐྱ་ནས་ཡོང་བའི་བྲོ་བ་རྣམས་ཀྱིས་དགའ་དགའ་སྤྲོ་སྤྲོའི་ངང་སྐུ་མགྲོན་ཚོར་ས་སྐྱའི་ཁྱད་ཆོས་ལྡན་པའི་གླུ་དང་གར་འཁྲབ་སྟོན་བྱས་ཏེ། བོད་ལྗོངས་ཀྱི་ཁྱད་ཆོས་ལྡན་པའི་རྩེད་མཚར་གྱིས་ཡུལ་དངོས་ཀྱི་སྐུ་མགྲོན་ཚང་མར་དགའ་སྤྲོ་སྦྱིན་བྱུང་། 
        གཞན་ཡང་བོད་རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཐིང་གིས་དགུན་དུས་བོད་ལྗོངས་སུ་ཡུལ་སྐོར་བྱེད་པའི་ཡུལ་སྐོར་ཐོན་རྫས་དང་གཟིགས་སྐྱོང་སྲིད་ཇུས་བཅས་ཟུར་མང་པོ་ནས་འོས་སྦྱོར་བྱས་ཏེ། རྒྱལ་ཁབ་ཕྱི་ནང་གི་གྲོགས་པོ་ཀུན་ལ་བོད་ལྗོངས་ཀྱི་མཛེས་སྡུག་ལྡན་པའི་དགུན་གྱི་རྣམ་པ་དང་ཡུལ་སྲོལ་གོམ་གཤིས་གསལ་སྟོན་བྱས་བྱུང་ལ། ལྷ་སའི་དྲོད་འཇམ་ལྡན་པའི་ཉི་འོད་ལ་ལྡེ་བ་དང་ཧི་མ་ལ་ཡའི་སྤྲིན་གྱི་རྒྱ་མཚོར་གཟིགས་པ། ཡངས་པའི་མཐོ་སྒང་སྟེང་ནས་ཁ་བའི་དཔལ་ལ་རོལ་བ། གངས་ལྗོངས་ནས་མཚེའུ་འཚོལ་བ། བོད་ལུགས་ལོ་སར་ལ་རོལ་མྱོང་བྱེད་པ་སོགས་བོད་ལྗོངས་ཀྱི་དགུན་ཁའི་ཡུལ་སྐོར་བྱ་ཡུལ་དག་གིས་ཡུལ་དངོས་ཀྱི་མི་རྣམས་ཀྱི་ཡིད་དབང་ཅིག་ཅར་དུ་འཕྲོག་ནས། ཀུན་ལ་ཡུལ་སྐོར་ལ་འགྲོ་འདོད་ཀྱི་འདུན་པ་དྲག་པོ་སྐྱེས་སུ་བཅུག་ཅིང་། གཙོ་སྒྲུབ་ཕྱོགས་ཀྱིས་ཆེད་དུ་བོད་ལྗོངས་ཀྱི་ཁྱད་ཆོས་ལྡན་པའི་ཀ་རའི་གོ་རེ་དང་ཟས་མཆོག་དྲངས་པས། ཡུལ་དངོས་ཀྱི་ཚོགས་ཞུགས་པ་རྣམས་དགའ་བའི་དཔལ་གྱིས་བཟི་བར་བྱས། 

ས་སྐྱའི་འགྲེམ་སྟོན་ཁུལ།
        བོད་ལྗོངས་ནི་འཛམ་གླིང་གི་ཡང་རྩེ་དང་ཡ་གླིང་གི་ཆུ་མཛོད།  སའི་གོ་ལའི་སྣེ་གསུམ་པ་བཅས་སུ་གྲགས་ཤིང་། གནའ་ནས་ད་བར་དུ་གནས་འདིའི་ཡུལ་ལྗོངས་མཛེས་ཤིང་ལྟ་ན་སྡུག་པ་དང་རིག་གནས་ལོ་རྒྱུས་ཀྱི་རྔམ་མཐུག་ལ་དམངས་སྲོལ་རིག་གནས་ཁྱད་དུ་འཕགས་པའི་མཚན་སྙན་གླིང་ལ་གྲགས་ཡོད། གནས་འདིའི་ནམ་མཁའ་གཡའ་དག་ཅིང་སྤྲིན་དཀར་ལང་ལོང་ལྡིང་ལ། རི་བོ་མཐོ་ཞིང་བརྗིད་ལ་ཆུ་མོ་དྭངས་ཤིང་གཙང་། ཉི་འོད་དྲོད་ཅིང་འཇམ་ལ་ཁ་དབུགས་ཤིན་ཏུ་གསར་བས། ཡུལ་འདིའི་མི་རྣམས་ཀྱི་གདོང་ལ་དགའ་བའི་འཛུམ་མདངས་ཀྱི་མེ་ཏོག་རྣམ་པར་བཞད་ཡོད། ང་ཚོས་ཐེངས་འདིའི་བྱེད་སྒོ་བེད་སྤྱོད་གང་ལེགས་བྱས་ནས་བོད་ལྗོངས་ཀྱི་ཐུན་མོང་མ་ཡིན་པའི་རང་བྱུང་མཛེས་ལྗོངས་དང་། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་དང་དམངས་སྲོལ་གྱི་ཡུལ་སྲོལ་གོམས་གཤིས་གང་ལེགས་སྤྱད་དེ་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་། ཡུལ་སྐོར་དབུལ་སྐྱོར་ལས་གྲྭ་སྐུལ་འདེད་གཏོང་བ། ཚང་མས་མཉམ་དུ་ལག་གདང་སྦྲེལ་ནས་ཆུ་ཚད་སྔར་ལས་གོང་མཐོར་གཏོང་བ། རིམ་པ་སྔར་ལས་གཏིང་ཟབ་པ་དང་ཁྱབ་ཁོངས་སྔར་ལས་ཆེ་བའི་འབྲེལ་འདྲིས་བརྒྱུད་དེ་དབུལ་ཐར་འགག་སྒྲོལ་གྱི་རྒྱལ་ཁ་ཕུ་ཐག་གཅོད་པའི་དུས་མཚམས་ནང་ཡུལ་སྐོར་གྱི་ནུས་པ་དེ་བས་ཆེ་བ་འདོན་སྤེལ་བྱ་ངེས་ཡིན།
        བོད་ལྗོངས་སུ་ཡུལ་སྐོར་ཐོན་ཁུངས་ཕུན་སུམ་ཚོགས་པ་དང་འཕེལ་རྒྱས་ཀྱི་གོ་སྐབས་ཀྱང་ཧ་ཅང་ཡག་པོ་ཡོད་པས། མཉམ་འབྲེལ་བྱེད་སའང་མང་པོ་ཞིག་ཡོད། བོད་ལྗོངས་དང་ཧྲང་ཧའེ་ཡི་ཡུལ་སྐོར་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བས་བསྟན་དོན། ས་གནས་གཉིས་ཀྱི་ཡུལ་སྐོར་ལས་རིགས་ཐད་ཀྱི་གྲོགས་པོ་ཚོས་མ་འོངས་པར་བསམ་བློ་བརྗེ་རེས་དང་མཉམ་འབྲེལ་ལ་ཤུགས་གང་ལེགས་བཏོན་ནས། ཕན་ཚུན་གྱི་ཞན་ཆ་ཁ་གསབ་དང་། ཕན་ཚུན་ལ་མགྲོན་པོ་སྐྱེལ་རེས་བྱས་ཏེ། ཁྲོམ་ར་མཉམ་སྤྱོད་ཀྱི་ཁོར་ཡུག་ལེགས་པོ་སྐྲུན་ནས། མཉམ་དུ་ཡུལ་སྐོར་ལས་རིགས་ཁྲོད་མཉམ་ཕན་མཉམ་རྒྱལ་བྱེད་པའི་རེ་བ་ཆེན་པོ་ཡོད་ཅེས་གསུངས་བྱུང་།