ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

གྲ་བཞི་མིག་དམར་ཚེ་རིང་དང་ཁོང་གི་ཇོ་བོ་རྗེ་ཨ་ཏི་ཤའི་རྣམ་ཐར་ལོ་རྒྱུས་ཀྱི་ཞིབ་འཇུག

སྤེལ་དུས 2019-12-12 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པདྨ་ཚེ་རིང་གིས་བསྒྱུར།
          ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། སྤྱི་ལོའི་དུས་རབས་11པར། དེང་གི་བྷང་ག་ལའི་ཡུལ་ཕྱོགས་སུ་སྐུ་འཁྲུངས་པའི་ནང་པའི་བླ་ཆེན་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་ལགས་བོད་ཀྱི་བླ་མས་གདན་འདྲེན་ལྟར། དཀའ་བ་ཇི་སྙེད་ཁྱད་དུ་བསད་ནས་གངས་ལྗོངས་སུ་དམ་ཆོས་སྤེལ་བར་བསླེབས། 
          ཟབ་ཡངས་མཁྱེན་གཏེར་གྱི་བདག་ཉིད་ཆེན་པོ་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་ལགས་དང་ཐོག་ལོ་གསུམ་ནང་ཕྱིར་ལོག་འཆར་ཡོད་ཀྱང་།  བོད་ཀྱི་སྐྱ་སེར་ཕོ་མོ་རྣམས་རྒྱལ་བའི་བསྟན་པ་ལ་མོས་དད་ཤིན་ཏུ་ཆེ་བས། ལོ་གསུམ་གྱི་རྗེས་སུ་སླར་ཡང་ལོ་གསུམ་བཞུགས་ཏེ་སྔ་རྗེས་སུ་མངའ་རིས་དང་ལྷོ་ཁ། ལྷ་ས་སོགས་སུ་ཆོས་ཀྱི་འཁོར་ལོ་རིམ་པ་དུ་མར་བསྐོར་ཞིང་། བོད་ཀྱི་ལོ་ཙཱ་བ་དང་མཉམ་དུ་དམ་པའི་ཆོས་ཀྱི་ལོ་ཙཱ་མཛད། བོད་ནས་ལོ་ངོ་བཅུ་བདུན་ལ་བཞུགས་ཏེ་བསྟན་པའི་མཛད་པ་བསྐྱངས་རྗེས་མཐའ་མར་ཇོ་བོ་རྗེ་ཨ་ཏི་ཤ་ཉིད་སྙེ་ཐང་དུ་སྐུ་མྱ་ངན་ལས་འདས་པ་དང་། བསྟན་བཅོས་ཇི་སྙེད་དང་འགྱུར་རྩ་ཆེན་དུ་མ་ཤུལ་དུ་བཞག་ཡོད།
          བོད་བརྒྱུད་ནང་བསྟན་གྱི་བསྟན་པ་ཕྱི་དར་ལ་བྱས་རྗེས་གལ་ཆེན་བཞག་མྱོང་བའི་བླ་ཆེན་འདིར་ནང་པའི་རིག་གཞུང་གི་སྡེ་རུ་སྔ་མོ་ནས་ཞིབ་འཇུག་བྱས་མྱོང་ཞིང་།  བོད་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་འབུམ་རམས་པ་གྲ་བཞི་མིག་དམར་ཚེ་རིང་ལགས་ནི་དེའི་ནང་གི་གྲས་ཤིག་ཡིན་ཏེ། ཁོང་གི་ཞིབ་འཇུག་བྱ་ཡུལ་གཙོ་བོ་ནི་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་རྣམ་ཐར་ལོ་རྒྱུས་རེད། 

འདི་ནི་གྲ་བཞི་མིག་དམར་ཚེ་རིང་ལགས་ཡིན། 
          གྲ་བཞི་མིག་དམར་ཚེ་རིང་ལགས་ཀྱིས་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་དང་འབྲེལ་བའི་དུས་སྐབས་སོ་སོའི་ཡིག་ཚངས་རྙིང་པ་ནས་མགོ་བརྩམས་ཏེ། དེ་དག་གི་སྤྱིའི་གནས་ཚུལ་དང་ཞིབ་ཕྲའི་གནས་ཚུལ། རྩོམ་པ་པོ་དང་པར་གཞིའི་རྩད་ཞིབ་བཅས་ལ་སྒོག་ཤུན་བཤུ་བ་ནང་བཞིན་ཞིབ་འཇུག་གི་ཁུངས་སྣེ་འཐུས་ཚང་དུ་བགྱི་བར་རིག་པ་མ་ངལ་བར་རྩེ་གཅིག་ཏུ་གཞོལ་བར་བྱེད།
          གྲ་བཞི་མིག་དམར་ཚེ་རིང་ལགས་ཀྱིས་བདེན་དཔང་བྱས་པ་ལྟར་ན། ཇོ་བོ་རྗེ་ཨ་ཏི་ཤའི་རྣམ་ཐར་གྱི་ཕྱི་མོ་ནི་དུས་རབས་11པར་གྲུབ་ཡོད་ཅིང་། དུས་རབས་11པའི་ཡར་སྔོན་གྱི་ཡིག་ཚངས་ཁ་ཤས་ལ་རྣམ་ཐར་གྱི་ས་བོན་གྲུབ་ཡོད་དེ། 《ཇོ་བོ་རྗེའི་བསྟོད་པ་སུམ་ཅུ》ནི་དུས་སྐབས་དེའི་མཚོན་བྱེད་བརྩམས་ཆོས་ཤིག་ཡིན། གྲ་བཞི་མིག་དམར་ཚེ་རིང་གིས་རྩོམ་ཡིག་དེར་བརྒྱུད་རིམ་ལྡན་པའི་སྒོ་ནས་ཞིབ་འཇུག་བྱས་ཚེ། དེ་ནི་བོད་རང་གི་བསྟན་པ་འཛིན་མཁན་གྱིས་རང་གི་བླ་མར་ཚིགས་བཅད་ཀྱི་ལམ་ནས་བྲིས་པའི་བསྟོད་རྩོམ་ཐོག་མ་རུ་ངོས་བཟུང་ཆོག་པས། དེའི་རྩོམ་རིག་གི་རིན་ཐང་ལ་རིག་གཞུང་གི་སྡེ་ནས་ཐོག་མཐའ་ཀུན་ཏུ་གཙིགས་ཆེན་བྱེད་ཀྱིན་ཡོད།  དེ་དང་ཆབས་ཅིག་ཏུ་བསྟོད་རྩོམ་དེ་ནི་ཇོ་བོ་རྗེ་ཨ་ཏི་ཤའི་སྐུ་ཚེའི་མཛད་རྣམ་བརྗོད་པ་སྔ་ཤོས་ཀྱང་ཡིན་ཏེ།  དེའི་རྩོམ་སྟངས་ཀྱི་ཆ་ནས་བལྟས་ན། བོད་ལྗོངས་ཀྱི་རྣམ་ཐར་རྩོམ་རིག་གི་མྱུ་གུ་འབུས་ས་ནི་ལྷུག་རྩོམ་མ་ཡིན་པར་སྙན་ངག་ཡིན་པ་ར་སྤྲོད་བྱས་འདུག རྣམ་ཐར་གྱི་བྱུང་ཚུལ་དང་རྩོམ་རིག་གི་བྱུང་ཚུལ་གཉིས་ལ་ཆ་འདྲ་བའི་ཆོས་ཉིད་མཆིས་ཏེ། གཉིས་ཀ་“ངག་ཐོག”ནས་རིམ་བཞིན་ཡིག་ཐོག་ཏུ་ཕབ་པའི་ཕྱོགས་སུ་འཕེལ་ཞིང་།  དེ་ལས་“སྙན་ངག་ལ་ལུས་བཅོལ་བའི་རྣམ་ཐར་རྩོམ་རིག”གི་མྱུ་གུ་འབུས་པ་རེད།  
          
འདི་ནི་གྲ་བཞི་མིག་དམར་ཚེ་རིང་ལགས་ཀྱིས་ཀྲུང་དབྱང་མི་རིགས་སློབ་ཆེན་དུ་《ཇོ་བོ་རྗེ་ཨ་ཏི་ཤའི་རྣམ་ཐར་ལོ་རྒྱུས་ཀྱི་ཞིབ་འཇུག》ཅེས་པའི་བརྗོད་དོན་འཆད་ཁྲིད་གནང་བཞིན་པ་ཡིན། 
          གྲ་བཞི་མིག་དམར་ཚེ་རིང་ལགས་ཀྱིས་དུས་རབས་12པ་ནས་15པའི་བར་བྲིས་པའི་《ཇོ་བོ་ལྷ་གཅིག་ཆེན་པོའི་རྣམ་ཐར》དང་《ཇོ་བོ་ལྷ་གཅིག་དཔལ་ལྡན་ཨ་ཏི་ཤའི་རྣམ་ཐར》སོགས་ནི་ད་ལྟ་ཇོ་བོ་རྗེ་ཨ་ཏི་ཤའི་རྣམ་ཐར་འགངས་ཆེན་ཁག་གཅིག་ཡིན་པ་དང་། དེ་དག་གི་རྩོམ་པ་པོའི་ཐོབ་ཐང་དང་བརྩམས་གྲུབ་ལོ་ཚིགས་སོ་སོར་མི་འདྲ་བ་མ་ཟད། རྩོམ་སྟངས་དང་ས་བཅད། ནང་དོན། རྣམ་པ་བཅས་ཀྱི་ཐད་ནའང་སོ་སོར་རང་གི་ཁྱད་ཆོས་ལྡན་ཡོད་པར་བསམ་བཞིན་འདུག《ཇོ་བོ་ལྷ་གཅིག་དཔལ་ལྡན་ཨ་ཏི་ཤའི་རྣམ་ཐར་བླ་མའི་ཡོན་ཏན་ཆོས་ཀྱི་འབྱུང་གནས་བཀའ་གདམས་རིན་པོ་ཆེའི་གླེགས་བམ།》ཞེས་པར་མཚོན་ན། ཇོ་བོ་རྗེ་ཨ་ཏི་ཤའི་རྣམ་ཐར་སངས་རྒྱས་ཆོས་ལུགས་ཀྱི་བསྟན་བཅོས་ནང་ཐོག་མར་བསྡུས་ཏེ། ཆོས་ཀྱི་“འཇུག་སྒོའི་སློབ་ཚན”ཞིག་ཏུ་གྱུར་ཡོད་པ་དང་། དེས་བོད་ཡིག་གི་རྣམ་ཐར་ནི་ལོ་རྒྱུས་ཡིན་ལ་རྩོམ་རིག་ཀྱང་ཡིན་ཞིང་། ཆོས་ལུགས་དེ་བས་ཀྱང་ཡིན་པའི་ཡིག་ཚངས་ཀྱི་ངོ་བོ་ར་སྤྲོད་བྱས་ཡོད། དུས་དེ་ནས་བཟུང་། ཇོ་བོའི་རྣམ་ཐར་གྱི་སྒྲིག་གཞི་ཡོངས་སུ་གྲུབ་སྟེ་ཕྱིས་ཀྱི་ཇོ་བོའི་རྣམ་ཐར་དང་བཀའ་གདམས་པའི་ཡིག་ཚངས་ཀྱི་“མ་དཔེ”རུ་གྱུར་པ་རེད། 
          དུས་རབས་16པར་སླེབས་རྗེས། ཇོ་བོ་རྗེ་ཨ་ཏི་ཤའི་རྣམ་ཐར་“སྨིན་པའི་དུས”སུ་སླེབས་ཡོད། གྲ་བཞི་མིག་དམར་ཚེ་རིང་གིས་མིག་སྔར་རྙེད་ཡོད་པའི་ཇོ་བོ་རྗེ་ཨ་ཏི་ཤའི་རྣམ་ཐར་ཆེས་རིང་ཤོས་《ཇོ་བོ་རྗེ་ལྷ་གཅིག་ཨ་ཏི་ཤའི་རྣམ་ཐར་གཙང་མཁན་ཆེན་གྱིས་བསྒྲིགས་པ།》ཞེས་པ་ནི་དུས་སྐབས་དེར་གྲུབ་པ་ཞིག་ཡིན། དུས་རབས་ཁ་ཤས་ཀྱི་འཕེལ་འགྱུར་ཁྲོད་ནས་བླ་མ་སྐྱེས་ཆེན་དང་མཁས་དབང་རྣམས་ཀྱི་འབད་བརྩོན་ལྷོད་མེད་འོག་ཇོ་བོ་རྗེ་ཨ་ཏི་ཤའི་རྣམ་ཐར་ནི་མདོར་བསྡུས་ནས་གྲ་རྒྱས་ཕུན་སུམ་ཚོགས་པར་གྱུར་ཡོད་པ་དང་། གྲ་བཞི་མིག་དམར་ཚེ་རིང་གིས་ཀྱང་ཞིབ་འཇུག་གི་མཐོང་སྣེ་སོ་སོ་ནས་དེའི་ལོ་རྒྱས་ཀྱི་རྒྱབ་ལྗོངས་དང་། མ་ཡིག རང་གི་རིགས་འདེད་བཅས་ཟུང་དུ་སྦྲེལ་ནས་གནའ་དཔེ་ཁྲོད་ཀྱི་ནང་དོན་ཁ་ཤས་ལ་རང་གི་ལྟ་ཚུལ་མི་འདྲ་བ་བཏོན་ཡོད་པ་རེད། 
          གྲ་བཞི་མིག་དམར་ཚེ་རིང་ལགས་ཀྱིས་བོད་ལྗོངས་ཀྱི་ལོ་རྒྱུས་ལ་ཞིབ་འཇུག་བྱེད་སྐབས། ལོ་རྒྱུས་དེབ་ཐེར་ནི་ཅིའི་ཕྱིར་འདི་ལྟར་རྩོམ་དགོས་པ་དང་། སྐབས་དེའི་རྒྱབ་ལྗོངས་ཅི་འདྲ་ཡིན་པ། རྗེས་སུ་ཅིའི་ཕྱིར་ད་ལྟ་ང་ཚོའི་མཐོང་སྣང་དུ་གྱུར་བ་འདི་འདྲ་ཞིག་ཏུ་འགྱུར་ཚུལ་བཅས་ལ་དོ་སྣང་གལ་ཆེན་བྱེད་འོས་ལ། འཕེལ་རིམ་འདི་ནི་ཤིན་ཏུ་གལ་ཆེ་བར་བསྟན། དེ་དང་ཆབས་ཅིག རིག་གཞུང་ཞིབ་འཇུག་ནི་ནུས་ཚོད་ཀྱིས་བསྒྲུབ་དགོས་པ་ཞིག་སྟེ།  དེར་བརྩོན་ཤུགས་དང་དཔྱད་གཞིའི་ཡིག་རིགས།  ཞིབ་འཇུག་བྱེད་ཐབས་བཅས་དགོས་པ་མ་ཟད། དེ་ལས་ཀྱང་ལྷག་པ་ནི་མི་ལ་བརྩི་མཐོང་བྱེད་པའི་རྣམ་འགྱུར་ལེགས་པོ་ཞིག་དགོས་པ་ཡིན་ཞེས་གསུངས། 
          གྲ་བཞི་མིག་དམར་ཚེ་རིང། ཕོ། བོད་རིགས། བོད་ལྗོངས་ལྷ་སའི་མི་ཡིན། 1983ལོར་སྐྱེས། འབུམ་རམས་པ། མིག་སྔར་བོད་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་གླིང་གི་ཆོས་ལུགས་ཞིབ་འཇུག་ཁང་དུ་ཞིབ་འཇུག་པ་གཞོན་པའི་ལས་འགན་འཁུར་མུས་ཡིན། 
རྩོམ་སྒྲིག་པ།  གཡང་རྒྱལ་ཚེ་རིང་།