དེ་ཡང་རང་ཅག་བོད་ཀྱི་དཔལ་ལྡན་གསོ་བ་རིག་པའི་གཞུང་ལུགས་སམ་སྨན་ཡིག་ཏུ་འབོད་པའི་གཞུང་ལུགས་དག་ལས། ཚད་ཐུབ་ཀྱི་མཁས་པས་མཛད་པའི་ལག་ལེན་སྐོར་གྱི་གསུང་རབ་ཁག་གཅིག་གཅེས་བཏུས་ཀྱི་རྣམ་པས་པོད་ལྔའི་བདག་ཉིད་ཅན་དུ་གྲུབ་པའི་《གསོ་རིག་མན་ངག་གཅེས་བཏུས》ཞེས་བྱ་བ་འདི་ནི། སི་ཁྲོན་བོད་ཡིག་དཔེ་རྙིང་བསྡུ་སྒྲིག་ཁང་གི་མཁན་འཇམ་བློས་གཙོ་སྒྲིག་མཛད་ཅིང། ད་ལྟ་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་དངོས་སུ་པར་སྐྲུན་འགྲེམ་སྤེལ་བྱས་ཡོད།
དེ་ཡང་རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན་གྱིས་མཛད་པའི་གསོ་དཔྱད་རྒྱལ་པོའི་དཀོར་མཛོད་དང་། ཆོས་རྗེ་རིན་པོ་ཆེ་དྭགས་པོ་ལྷ་རྗེའི་གསུང་སྒྲོས་ཕན་བྱེད་རིག་པའི་མཛོད། སྟག་ཚང་ལོ་ཙཱ་བའི་གསོ་དཔྱད་ཉེར་མཁོ་གཅེས་བསྡུས། ཚེ་དབང་དཔལ་འབྱོར་གྱིས་མཛད་པའི་གསོ་རིག་མན་ངག་གཅེས་བསྡུས་ཉམས་མྱོང་ངེས་རྙེད་བདུད་རྩིའི་གཏེར་བུམ་དང་། དེའི་གསལ་བྱེད་གཏེར་བུམ་ཁ་རྒྱན་དཔག་བསམ་ལྗོན་ཤིང་སོགས་ཐོར་བུ་སྣ་ཚོགས་གཅེས་བཏུས་ཀྱི་སྐོར།
ཆོས་རྗེ་ས་སྐྱ་པཎ་ཆེན་གྱིས་མཛད་པའི་ཡན་ལག་བརྒྱད་པའི་སྙིང་པོ་དང་། འབྲུག་པ་པདྨ་དཀར་པོས་མཛད་པའི་རྒྱུད་བཞིའི་འགྲེལ་པ་གཞན་ལ་ཕན་གཏེར། སྒམ་པོ་པ་མི་ཕམ་ཆོས་ཀྱི་དབང་ཕྱུག་གིས་མཛད་པའི་མན་ངག་རྒྱུད་ཀྱི་དཀའ་བའི་གནད་ཚིགས་སུ་བཅད་པ། ཀརྨ་རིན་ཆེན་དར་རྒྱས་ཀྱིས་མཛད་པའི་སྡོང་འགྲེལ་ས་བཅད་དང་། རྩ་བ་ལྔའི་ངོས་འཛིན། རྒྱུད་བཞིའི་དོན་སྣ་ཚོགས་གསལ་བའི་དཔེ་བུམ་ཟ་མ་ཏོག །འཇམ་མགོན་མི་ཕམ་རྒྱ་མཚོས་མཛད་པའི་བདུད་རྩི་སྙིང་པོའི་རྒྱུད་འགྲེལ་དྲང་སྲོང་ཞལ་ལུང་ལས་བཞི་པ་ཕྱི་མའི་རྒྱུད་ཀྱི་རྩ་མདོ་ཆུ་མདོའི་ཊཱིཀྐ་སོགས་འགྲེལ་པ་དང་གསལ་བྱེད་ཀྱི་སྐོར།
དེའུ་དམར་བསྟན་འཛིན་ཕུན་ཚོགས་ཀྱིས་མཛད་པའི་སྤྲུལ་བའི་སྨན་ཞིང་ལྟ་ན་སྡུག་གི་བཀོད་ཡིག་ངོ་མཚར་མཻ་ན་ཀའི་གར་བརྒྱ་དང་། བེ་ལོ་ཚེ་དབང་ཀུན་ཁྱབ་ཀྱིས་མཛད་པའི་གསོ་བ་རིག་པའི་ཁོག་དབུབ་ཀུན་གྱི་བུ་ཡིག་སྒོ་བརྒྱ་འབྱེད་པའི་ལྡེ་མིག་ལྟ་བུ་སྨན་གྱི་ཆོས་འབྱུང་གི་སྐོར།
ཀརྨ་པ་རང་བྱུང་རྡོ་རྗེས་མཛད་པའི་སྨན་གྱི་བསྟན་བཅོས་སྨན་མིང་རྒྱ་མཚོ་དང་། སྐྱེམས་པ་ཚེ་དབང་དཔལ་འབྱོར་གྱིས་མཛད་པའི་མན་ངག་ཡོན་ཏན་རྒྱུད་ཀྱི་ལྷན་ཐབས་ཀྱི་ལྗགས་ལུང་ཆོས་རྒྱལ་རིན་པོ་ཆེ་ནས་ཉན་སྐབས་གསུང་འཕྲོས་མོལ་མཆིད་ཡི་གེར་བཏབ་པ་སོགས་ཟིན་བྲིས་ཀྱི་སྐོར།
དེའུ་དམར་བསྟན་འཛིན་ཕུན་ཚོགས་ཀྱིས་མཛད་པའི་རོ་དྲུག་སྨན་གྱི་སྡེབ་སྦྱོར་གསལ་བར་འགྲེལ་བ་དྲང་སྲོང་ཞལ་ལུང་བ་ཀུ་ལའི་འདབ་ཕྲེང་དང་། རོ་སྡེབ་སྦྱོར་བ་ཕན་ཡོན་དང་སྦྲགས་མ་ཚིགས་སུ་བཅད་པ་དོན་ཚང་ཚིག་བསྡུས། ཀརྨ་ངེས་དོན་བསྟན་འཛིན་འཕྲིན་ལས་རབ་རྒྱས་ཀྱིས་མཛད་པའི་རིན་ཆེན་དབང་རིལ་ཤེལ་གྱི་མཆོད་རྟེན་དང་རིན་ཆེན་རྟ་རི་མ་བཅས་ཀྱི་སྦྱོར་སྡེ་བགྱིས་པའི་ཚུལ་གཞན་ཕན་ཟླ་འོད་གཞོན་ནུའི་འཁྲི་ཤིང་། འཇམ་མགོན་མི་ཕམ་གྱིས་མཛད་པའི་རིན་ཆེན་དངུལ་ཆུའི་སྦྱོར་བའི་རྟོགས་པ་བརྗོད་པའི་གཏམ་ངོ་མཚར་འཆི་མེད་གྲུབ་པའི་རྣ་རྒྱན། འཇམ་དབྱངས་མཁྱེན་བརྩེའི་དབང་པོས་མཛད་པའི་ཟླ་ཤེལ་འཆི་མེད་བདུད་རྩིའི་རིལ་སྦྱོར་དང་སྨན་ནག་འཆི་མེད་བདུད་རྩིའི་འཁྲུལ་འཁོར་སོགས་སྨན་གྱི་སྡེབ་སྦྱོར་སྐོར།

འཇམ་དབྱངས་མཁྱེན་བརྩེའི་དབང་པོས་མཛད་པའི་སྲོག་རླུང་གི་བཅོས་ཐབས་སྙིང་པོར་དྲིལ་བ་ཕན་བདེའི་དོ་ཤལ་དང་། ཁྲག་རླུང་སྟོད་འཚང་གི་བཅོས་ཚུལ་ངོ་མཚར་སྲོག་སྟེར་སོགས་ནད་བྱེ་བྲག་པའི་བཅོས་ཚུལ་གྱི་སྐོར་སོགས་དྲན་དབང་རྣམས་ཀྱི་སྐུ་ཚེ་གང་གི་ཉམས་མྱོང་ལས་གྲུབ་ཅིང་། ཞལ་ནས་སྙན་དུ་བརྒྱུད་པའི་ཐུན་མོང་དང་ཐུན་མིན་གྱི་གདམས་པ་སྣ་ཚོགས་པ་གཏེར་གྱི་མཛོད་ལྟ་བུ་བཞུགས་པ་སྟེ། མདོར་ན་གསོ་དཔྱད་ཡན་ལག་བརྒྱད་པ་དང་། དཔལ་ལྡན་རྒྱུད་བཞིའི་དགོངས་དོན་ལྟར་གྱི་གསོ་བ་ལུས་ཀྱི་གནས་ལུགས་རྟོགས་པ་བདུན་དང་། གསོ་ཡུལ་ནད་རིགས་བཞི་བརྒྱ་རྩ་བཞི། གསོ་ཐབས་ལག་ལེན་སུམ་བརྒྱ་དྲུག་ཅུ། གསོ་བྱེད་གཉེན་པོ་སྟོང་དང་རྩ་གཉིས་བཅས་ཀྱི་སྐབས་ལས་བསྟན་པའི་ཚེ་ཡི་རིག་བྱེད་འཛིན་པ་རྣམས་ལ་མེད་དུ་མི་རུང་བའི་རྩ་ཆེའི་ཆོས་ཚན་མི་འདྲ་བ་བརྒྱ་དང་ཉི་ཤུ་ཡས་མས་ཤིག་ཕྱོགས་གཅིག་ཏུ་བསྒྲིགས་ཏེ་དཔེ་བསྐྲུན་བྱས་ཡོད་དོ། །
རྩོམ་སྒྲིག་པ། བདེ་སྒྲོལ།