བོད་ལྗོངས་གྲོང་གསེབ་ཏུ་མི་དམངས་ཉེན་རྟོག་པ་ཚོས་ནད་ཡམས་འགོག་སྲུང་ལས་དོན་འདི་ལྟར་བསྒྲུབ།
སྤེལ་དུས 2020-02-11
ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།
རྩོམ་པ་པོ། པད་མ་རྒྱལ་གྱིས་བསྒྱུར།
ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་ནད་ཡམས་བྱུང་བ་ནས་བཟུང་། བོད་རང་སྐྱོང་ལྗོངས་གཞིས་རྩེ་གྲོང་ཁྱེར་ལྷ་རྩེ་རྫོང་བཀྲ་ཤིས་སྒང་ཤང་མངགས་གཏོང་ཁང་གིས་གོང་རིམ་ཏང་ཨུད་ཀྱི་དགོངས་དོན་ལག་བསྟར་མཐའ་འཁྱོངས་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་གི་བདེ་འཇགས་དང་གཟུགས་པོའི་བདེ་ཐང་ཨང་དང་པོར་བཞག་ནས། ནད་ཡམས་འགོག་སྲུང་གི་ལས་དོན་དེ་མིག་སྔའི་ལས་དོན་གལ་ཆེན་དུ་བཟུང་སྟེ། མི་དམངས་ཉེན་རྟོག་པས་མི་དམངས་ལ་ཞབས་འདེགས་ཞུ་བའི་ནུས་པ་གང་ལེགས་སྒོས་འདོན་སྤེལ་བྱས་པ་རེད།
གཞིས་རྩེ་ལྷ་རྩེ་རྫོང་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་དགོན་སྡེར་འབྲེལ་ཡོད་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱེད་བཞིན་པའི་རྣམ་པ།
ཟླ་2པའི་ཚེས་7ཉིན། གཞིས་རྩེ་ལྷ་རྩེ་རྫོང་བཀྲ་ཤིས་སྒང་ཤང་མངགས་གཏོང་ཁང་གི་དམངས་རོགས་ཉེན་རྟོག་པས་ཁོངས་གཏོགས་ཁུལ་གྱི་སྨྱོ་ནད་ཕོག་པའི་ནད་པའི་ཁྱིམ་དུ་བསྐྱོད་ནས་ཁོང་ཚོའི་བསམ་བློའི་གནས་ཚུལ་ལ་རྒྱུས་ལོན་བྱས་ཤིང་། ནད་པའི་ཁྱིམ་མིར་ངང་རྒྱུད་རིང་ཞིང་ཞིབ་ཚགས་ལྡན་པའི་སྲིད་ཇུས་དང་བཅའ་ཁྲིམས་སྒྲོག་འགྲེལ་བྱས་ནས་བསམ་བློར་ཁྲིད་སྟོན་བྱས་ཏེ། ཁོང་ཚོར་ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་ནད་ཡམས་སྔོན་འགོག་བྱེད་པའི་འབྲེལ་ཡོད་ཀྱི་ཤེས་བྱ་འགྲེལ་བཤད་བྱས་པ་རེད།
གཞིས་རྩེ་ལྷ་རྩེ་རྫོང་བཀྲ་ཤིས་སྒང་ཤང་གཡུ་ཐོག་གྲོང་ཚོའི་ཞིབ་བཤེར་ས་ཚིགས་ཀྱི་ལས་དོན་མི་སྣ།
ལས་དོན་མི་སྣས་གཞིས་རྩེ་ལྷ་རྩེ་རྫོང་བཀྲ་ཤིས་སྒང་ཤང་སྤང་མདའ་གྲོང་ཚོར་བདེ་འཇགས་ཞིབ་བཤེར་དང་དུག་སེལ་བྱེད་པའི་རྣམ་པ།
ཟླ་2པའི་ཚེས་8ཉིན་གྱི་སྔ་དྲོ། བཀྲ་ཤིས་སྒང་ཤང་མངགས་གཏོང་ཁང་གི་དམངས་རོགས་ཉེན་རྟོག་པས་བཀྲ་ཤིས་སྒང་ཤང་སྤང་མདའ་གྲོང་ཚོར་འགྲོ་འོང་བྱེད་མཁན་གྱི་མི་དང་རླངས་འཁོར་ལ་ཆུ་ཚོད་24རིང་གནས་སྐབས་ཀྱི་གཱ་བཟོ་བ་དང་། ཐོ་འགོད་པ། དུག་སེལ། དྲིལ་བསྒྲགས་དང་གྲལ་བཤེར་བྱས་ལ། དེའི་རྗེས་ཁོངས་གཏོགས་ཁུལ་གྱི་དགོན་སྡེ་གསུམ་དུ་བསྐྱོད་ནས་རིམས་འགོག་བདེ་འཇགས་ལ་ཞིབ་བཤེར་ཆེན་པོ་བྱས་ཏེ་དགོན་སྡེའི་གྲྭ་པ་ཚོར་ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་ནད་ཡམས་སྔོན་འགོག་བྱེད་པའི་འབྲེལ་ཡོད་ཀྱི་ཤེས་བྱ་སྒྲོག་འགྲེལ་བྱས་པ་རེད། དེ་མིན་ཁོངས་གཏོགས་ཁུལ་གྱི་ཁེ་ལས་བྱ་གཞག་ལས་ཁུངས་དང་། སྒོ་རྩིས་ཚོང་ཁང་། ཁྲོམ་གཞུང་བཅས་ལ་ཁྱོན་ཡོངས་ནས་དུག་སེལ་ལས་དོན་སྤེལ་བ་རེད།
བཀྲ་ཤིས་སྒང་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་གཞུང་སྒྲུབ་ཁང་དུ་དུག་སེལ་བྱེད་པའི་རྣམ་པ།
གཞིས་རྩེ་ལྷ་རྩེ་རྫོང་བཀྲ་ཤིས་སྒང་ཤང་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་སྒོ་རྩིས་ཚོང་ཁང་ལ་དུག་སེལ་བྱེད་པའི་རྣམ་པ།
རྒྱུས་ལོན་བྱུང་བའི་གནས་ཚུལ་ལྟར་ན། ནད་ཡམས་སྔོན་འགོག་གི་ཚོད་འཛིན་ལས་དོན་སྤེལ་བ་ནས་བཟུང་། མི་དམངས་ཉེན་རྟོག་པ་ཚོས་ད་དུང་ཉིན་ལྟར་གྲོང་ཚོ་དང་དུད་ཚང་དུ་བསྐྱོད་ནས་གྲོང་མིའི་གཟུགས་པོའི་གནས་ཚུལ་དང་དེ་བཞིན་ཁྱིམ་ཚང་གི་གནས་ཚུལ་ལ་རྒྱུས་ལོན་བྱས་ཏེ། ཁོང་ཚོར་མི་སྒེར་དང་ཁྱིམ་ཚང་གི་འཕྲོད་བསྟེན་ལ་དོ་སྣང་བྱེད་དགོས་པ་དང་། ཕྱི་རོལ་དུ་ཉུང་འགྲོ་བྱེད་པ། ཕྱི་ཕྱོགས་སུ་སྐྱོད་སྐབས་ངེས་པར་དུ་ཁ་རས་རྒྱག་དགོས་པ་དང་། ཚང་མར“དཀྲོག་གཏམ་མི་བཟོ་བ་དང་། དཀྲོག་གཏམ་མི་བཤད་པ། དཀྲོག་གཏམ་ལ་ཡིད་ཆེས་མི་བྱེད་པ”བཅས་ཀྱི་སློབ་གསོ་དང་ཁྲིད་སྟོན་བྱས་ཏེ་རང་ཉིད་སྲུང་སྐྱོང་གི་འདུ་ཤེས་ཇེ་ཟབ་ཏུ་གཏོང་བའི་བླང་བྱ་ནན་མོ་བཏོན་པ་རེད།