ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

བོད་ལུགས་ལོ་གསར་སྐབས་སུ་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་3650ཡོད་པའི་ས་གནས་སུ་མེ་གསོད་རུ་མི་གསར་པ་ཚོ་དང་མཉམ་དུ་ལོ་གསར་གྱི་དུས་ཆེན་རོལ་བ།

སྤེལ་དུས 2020-02-26 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། འབྲུག་རྒྱལ་མཁར་གྱིས་བསྒྱུར།
         ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན།  སླར་ཡང་བོད་ལུགས་ལོ་གསར་སླེབས་བྱུང་། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་དུ། བོད་ལྗོངས་ནགས་ཚལ་མེ་གསོད་སྤྱི་ཁྱབ་རུ་ཁག་གི་མེ་གསོད་རུ་མི་གསར་པ་རྣམས་ས་བབ་མཐོ་ཚད་རྒྱ་མཚོའི་ངོས་ལས་སྨི་3650ཡན་གྱི་མཐོ་སྒང་དུ་ཡོད་ལ།  ལོ་སྔོན་མ་དག་གི་བོད་ལུགས་ལོ་གསར་དང་མི་འདྲ་བར་ཁྱིམ་མི་མཉམ་འཛོམས་ཀྱི་གོ་སྐབས་དབེན་པ་དང་།   འོས་འགན་དང་དང་འགན་འཁྲི་ཡི་ཁྲོད་ནས་ལོ་གསར་གྱི་ཚོར་བ་གཞན་ཞིག་མྱངས་པ་རེད། 
         དགུ་ཐུག་གི་མཚན་མོ། 
         བོད་ལུགས་ཟླ་བཅུ་གཉིས་པའི་ཚེས་ཉེར་དགུའི་དགུ་ཐུག་གི་མཚན་མོ་ནི་བོད་ལུགས་ལོ་གསར་གྱི་འགོ་རྩོམ་སྟངས་ཤིག་རེད།
རུ་ཆེན་འགོ་ཁྲིད་ཀྱིས་མེ་གསོད་རུ་མི་གསར་པའི་སྐེ་ལ་ཁ་བཏགས་འཐེན་པ།
         ས་སྲོད་ལ་སླེབས་སྐབས། ལྷ་ས་གྲོང་ཁྱེར་དུ་ཤོག་སྦག་གི་སྒྲ་རིམ་བཞིན་གྲགས་བྱུང་། ཟ་ཁང་ཕུད་རུ་ཆེན་གྱི་འགོ་ཁྲིད་ཀྱིས་རུ་མི་གསར་པ་རྣམས་ལ་ཁ་བཏགས་འཐེན་ནས་དུས་ཆེན་གྱི་ཁམས་བདེའི་འཚམས་འདྲི་གནང་བ་དང་། དྭངས་གཙང་དྲི་མེད་ཀྱི་ཁ་བཏགས་དཀར་པོ་གྱོན་པ་སྔོན་པོ་གྱོན་པའི་མེ་གསོད་རུ་མིའི་མགུལ་བར་སྒྲོན་པ་ན། རྒྱང་རིང་དུ་གནས་པའི་མཐོན་མཐིང་ཨ་སྔོན་དབྱིངས་ཀྱི་སྤྲིན་དཀར་དང་མཉམ་དུ་སྤྲོ་དགའི་རྣམ་པ་ཞིག་གི་ངང་ཚུལ་ཤར་འོང་།  
         བསིལ་རླུང་དལ་བུར་ལྡང་ནས་ཁ་བཏགས་ལྷབ་ལྷུབ་ཏུ་གཡོ་བ་ན། དུས་ཆེན་གྱི་དགའ་སྤྲོའི་རྟེན་འབྲེལ་ཡང་རླུང་བུ་དང་གཞི་གཅིག་ཏུ་འདྲེས་པར་གྱུར། 
དགུ་ཐུག་གི་ནང་དུ་ཚྭ་བཅུག་པ་དང་། དེས་སྒྱིད་ལུག་མཚོན་པ་རེད།
         བོད་ཟླ་བཅུ་གཉིས་པའི་ཚེས་ཉེར་དགུའི་མཚན་མོར། སྲོལ་རྒྱུན་ལྟར་ཕྱེ་ཐུག་ཁྱད་པར་ཅན་ཞིག་འཐུང་དགོས་ཏེ། དེ་ལ་དགུ་ཐུག་ཟེར། ཐུག་པའི་ནང་དུ་མཚོན་དོན་མི་འདྲ་བའི་དངོས་པོ་དགུ་བཅུག་པ་དང་། ཕྱེད་ཀས་བཟང་ཕྱོགས་དང་ཕྱེད་ཀས་ངན་ཕྱོགས་མཚོན་པར་བྱས།   ཚང་མས་དགའ་དགའ་སྤྲོ་སྤྲོའི་ངང་དགུ་ཐུག་འཐུང་ཞོར། སོ་སོ་ལ་ཅི་ཞིག་རག་པར་གླེང་མོལ་བྱེད་པ་རེད།    བཟའ་ཚྭ་རག་ནས་ཟས་པའི་ཐུབ་བསྟན་དར་རྒྱས་ཀྱིས་ཆུ་འཐུང་བཞིན་པའི་སྐབས་སུ། ཚང་མས་ཁོང་ནི་མི་སྒྱིད་ལུག་ཅན་ཞིག་ཡིན་པ་དང་། སྦྱོང་བརྡར་ལ་སོགས་པར་སྙིང་རུས་མེད་ཅེས་བཞད་གད་སློང་བའི་མོད་ལ་དགའ་སྤྲོའི་དགོད་སྒྲས་ཡོངས་སུ་ཁེངས་ལ། དགུ་ཐུག་གི་མཚན་མོ་ཡང་དགའ་སྤྲོའི་འདུ་འཛི་ཡིས་ཁྱབ་པར་གྱུར།
         སྐབས་འདིར་གལ་ཏེ་ཐོག་ཁང་གི་རྩེ་མོར་སོང་ནས་རྒྱང་ལྟ་བྱས་ཚེ། མཚན་མོའི་མཁའ་དབྱིངས་སུ་ཤོག་སྦག་མེ་ཏོག་གི་མཛེས་སྡུག་རྣམ་པར་བཀྲ་ཞིང་། མིག་གི་དབང་པོ་ཅིག་ཅར་དུ་འཕྲོག་པར་བྱེད།  རྒྱང་རིང་གི་ཁྱིམ་ཚང་ཁྲི་སྟོང་མང་པོའི་གློག་སྒྲོན་གྱི་འོད་ཐིག་རེ་རེས་ལྷ་ས་གྲོང་ཁྱེར་ཡོངས་སུ་ཁེངས་པ་དང་། གནམ་ལོ་གསར་པའི་དྲོ་སྐྱིད་ཀྱི་རྣམ་པ་ཞིག་མངོན་ཐུབ།
         གནམ་གང་གི་བརྩེ་བ།
         བོད་ཟླ་བཅུ་གཉིས་པའི་ཚེས་སུམ་ཅུའི་ཉིན་ལ་གནམ་གང་ཟེར་ཞིང་། ད་ལོའི་གནམ་གང་དུས་སུ་ཁ་བ་ཆུང་ཆུང་ཞིག་བར་མ་ཆད་པར་འབབ་པ་དང་།  ཞོགས་པར་སླེབས་སྐབས་ས་གཞི་ཡོངས་སུ་དྭངས་གཙང་གི་གོས་དཀར་ཀླུབས་པ་དང་།  ནམ་མཁའ་གཡའ་དྭགས་པར་གྱུར་ལ། ཐག་མི་རིང་བའི་ས་ན་བསང་གི་དུ་བ་དལ་བུར་མཁའ་དབྱིངས་སུ་མཆེད།
ཁྱིམ་མིས་ངག་དབང་ཆོས་རྒྱལ་ལ་ལོ་གསར་གྱི་བཟའ་བཅའ་ཁྱེར་འོང་བ།
         རུ་ཆེན་གྱི་སྒོ་ཁར་མེ་གསོད་རུ་མི་གསར་པ་ངག་དབང་ཆོས་རྒྱལ་གྱིས་དགའ་སྤྲོའི་ངང་ཁྱིམ་མི་ཚོའི་ཕྱོགས་སུ་ལག་པ་གཡུག་གཡུག་བྱེད་པ་དང་། ཐག་མི་རིང་བའི་སར་ཕ་མ་གཉིས་ཀྱི་ལག་ཏུ་ཤ་སྐམ་བླུགས་པའི་བོད་ལུགས་ལག་རྟགས་ཀྱི་སྒམ་ཆུང་ཞིག་བཟུང་ཡོད། ལོ་ན་གསུམ་ལ་སླེབས་པའི་ཁོའི་ཚ་མོ་ཆུང་ཆུང་གིས་བཟའ་བཅའ་བླུགས་པའི་སློ་མ་ཆུང་ཆུང་ཞིག་ཡར་བཏེགས་ནས་ཡོད་ཅིང་། ཁོའི་གཅེན་མོའི་ལག་ཏུ་ཐོགས་པའི་ཚ་དེམ་ནང་དུ་ངག་དབང་ཆོས་རྒྱལ་ཆེས་དགའ་བའི་ཇ་མངར་མོ་བླུགས་ཡོད་ལ། གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དབང་གིས་ཁྱིམ་མི་ཚང་མ་དང་བར་ཐག་སྨི་2ཡི་སར་ངོ་འཕྲད་དགོས་རུང་།   ཚང་མའི་གདོང་ལ་ཕན་ཚུན་འཕྲད་པའི་དགའ་སྤྲོའི་སྣང་བས་ཁེངས་ཡོད།
ཁྱིམ་མི་གང་པོ་ཕན་ཚུན་ཁ་འབྲལ་ཕོད་པའི་རྣམ་པ། 
         “བུ་ཆུང་།  ཤ་སྐམ་དེ་དག་འཛིན་གྲྭའི་ནང་གི་གྲོགས་པོ་ཚོར་བགོས་ནས་མཉམ་དུ་ཟོ། ཁྱེད་ལ་ཇ་མངར་མོ་བསྐོལ་ཡོད། ཚ་མོར་འཐུང་།”ཅེས་པའི་ཕ་མའི་མངགས་བཅོལ་གྱི་སྐད་ཆ་དེ་དག་ལ་སྙིང་ཉེ་དང་བརྩེ་བས་ཁེངས་ནས་ཡོད། རིམས་ནད་ཀྱིས་ཁྱིམ་མི་ཚང་མ་མཉམ་དུ་འཛོམས་པར་བཀག་རྒྱ་བཟོས་མོད། འོན་ཀྱང་རི་ཆུ་སྟོང་ཕྲག་བརྒྱུད་པའི་བརྩེ་བ་དང་འཛུམ་མདངས་དེ་དག་འགོག་ག་ལ་ཐུབ། 
ཟླ་བ་ཚེ་རིང་དང་ཁོའི་གཉེན་སྒྲིག་ཆད་བྱས་པའི་མཛའ་མོ་སྒྲོལ་མ་གཉིས་ཀྱིས་ཁ་པར་བརྙན་ལམ་བརྒྱུད་དེ་ཕན་ཚུན་གྱི་སྙིང་གཏམ་གླེང་བ།
         “ཆུང་མ།  ཁྱོད་ཀྱི་ལྭ་བ་འདི་དངོས་གནས་མཛེས། ངེད་གཉིས་གཉེན་སྒྲིག་པའི་སྐབས་སུ་ལྭ་བ་འདི་གྱོན།”འཛིན་གྲྭའི་ནང་དུ་མེ་གསོད་རུ་མི་གསར་པ་ཟླ་བ་ཚེ་རིང་གིས་ཁོའི་གཉེན་སྒྲིག་ཆད་བྱས་པའི་མཛའ་མོ་སྒྲོལ་མ་དང་ཁ་པར་བརྙན་ལམ་བརྒྱུད་དེ་ཁ་བརྡ་བྱེད་པ་དང་། ཁོ་གཉིས་ཀྱི་མིག་མདངས་ལས་ཕན་ཚུན་དྲན་པའི་གདུང་བ་མངོན་ཐུབ།  རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དགོས་མཁོར་གཞིགས་ནས། རུ་ཆེན་གྱིས་ཁྱིམ་མི་རུ་ཁག་ཏུ་བལྟ་རུ་ཡོང་མི་ཆོག་པར་བཟོས་ལ། ཁ་པར་གྱི་ལམ་ནས་ཚང་མས་སྙིང་གཏམ་ཤོད་རེས་བྱས་པ་རེད།
མཛེས་པའི་སྒྲོལ་མའི་ལུས་ལ་ཕྱུ་པ་གྱོན་པ། 
         བརྙན་ལམ་གྱི་ཕྱོགས་གཞན་པ་དེར་བུ་མོ་སྒྲོལ་མའི་ལུས་སུ་གཟབ་མཆོར་སྤྲས་པའི་ཕྱུ་པ་(བུད་མེད་ཀྱི་གྱོན་པ།)གྱོན་པ་དང་། རྣམ་པར་བཀྲ་བའི་ཚོན་མདངས་དང་ཐུན་མོང་མ་ཡིན་པའི་རྒྱན་རིས་སྤྲས་པས། ཉི་འོད་ཀྱི་འོག་ཏུ་ལྷག་པར་མཛེས་ཤིང་ལྟ་ན་སྡུག་པ་ཞིག་རེད།  བརྙན་ལམ་འདི་ཕྱོགས་ཀྱི་ཕོ་གསར་དེས་ལོ་སྔོན་མ་དག་དང་འདྲ་བར་དཔའ་བཀྲ་(སྐྱེས་པའི་གྱོན་པ།)གྱོན་མེད་མོད།  འོན་ཀྱང་མེ་གསོད་རུ་མིའི་གྱོན་པ་སྔོན་པོའི་སྟེང་གི་ “སྔོན་ཐོན་མི་སྒེར་གྱི་རྟགས་མ”དེ་ནི་མིག་ལམ་ཏུ་ལྷག་པར་མཛེས་པ་ཞིག་རེད། 
         བོད་ལུགས་ལོ་གསར་གྱི་ཟས་མཆོག
ལོ་གསར་ཚེས་གཅིག་སྐབས་ཀྱི་ལུས་རྩལ་ར་བའི་ནང་གི་མེ་གསོད་རུ་མི་གསར་པ།
         བོད་ལུགས་ལོ་གསར་ཚེས་གཅིག་གི་ཞོགས་པའི་སྐྱ་རེངས་ཤར་མ་ཐག  བྲེལ་འཚུབ་ཀྱི་རྣམ་པས་ཁེངས་པའི་ཅོང་སྒྲས་རུ་མི་རྣམས་གཉིད་ལས་དཀྲོགས། ཞོགས་པའི་ཉི་ཟེར་གྱི་ཟེགས་མ་རེ་རེ་སྒོ་རའི་གྱང་ངོས་སུ་ལྷུང་བར་གྱུར། མེ་གསོད་རུ་མི་རྣམས་མལ་ལས་ལངས་རྗེས་ཀྱི་ལས་ཀ་དང་པོ་ནི་ཕན་ཚུན་ལ་ལོ་གསར་བཀྲ་ཤིས་བདེ་ལེགས་ཞེས་རྟེན་འབྲེལ་ཞུ་བ་དེ་ཡིན། བར་ཁྱིམ་དུ་ལོ་གསར་གྱི་སྨོན་ཚིག་ཟམ་མི་ཆད་པ་དང་། མི་རྣམས་ཀྱི་གདོང་ལ་དགའ་སྤྲོའི་མཛུམ་མདངས་ཀྱིས་ཁེངས་ཡོད། ལས་རེས་པས་འབོད་བརྡ་སྒྲོག་པ་དང་ཚང་མ་ཐོག་ཁང་གི་གཤམ་དུ་གྲལ་བསྒྲིགས་ཅིང། སྤྱི་ལེ་3ཙམ་ལ་རྒྱུགས་ཏེ་ལོ་གསར་པའི་དུས་བཟང་མདུན་ནས་བསུས།
གྲོ་མ་འབྲས་བཙོས།
         ཐབ་ཚང་དུ་ལོ་གསར་གྱི་ཟ་མ་བཟོ་རོགས་བྱེད་མཁན་ཟླ་བ་གྲགས་པས་གྲོ་མ་གཙང་མར་འཁྲུད་བཞིན་ཡོད་པ་དང་། རུ་ཆེན་གྱིས་ལོ་གསར་སྐབས་ཆེད་དུ་ཉོས་པའི་གྲོ་མ་དེ་ཁ་སུར་དམར་པོ་དང་། མར། འབྲས་བཅས་མཉམ་དུ་རླངས་བཙོས་བྱས་པ་བརྒྱུད། ཞིམ་མངར་ལྡན་པའི་གྲོ་མ་འབྲས་བཙོས་གྲུབ་པ་དང་།   ཟས་མཆོག་འདིའི་བྲོ་བ་མངར་ལ་རོ་བཅུད་ལྡན་པས།  མི་རྣམས་ཀྱི་ཡིད་ཀྱི་དང་བ་ཅིག་ཅར་དུ་འཕྲོག་པར་བྱེད།  
         ཟ་མ་ཟ་བའི་དུས་ཚོད་ལ་སླེབས་སྐབས། ཐབ་ཚང་ནང་དུ་མར་གྱི་དྲི་མས་ཁེངས་བ་དང་། དབུགས་རིང་ཞིག་གཏོང་ལེན་བྱེད་སྐབས་དེ་ནི་ཡིད་ཚིམས་པར་བྱེད་པའི་ཞིམ་མངར་གྱི་དྲི་ཞིམ་ཤ་སྟག་རེད།  བྱམས་པ་བསྟན་འཕེལ་གྱིས་རླངས་པ་ཐུལ་ཐུལ་བྱེད་པའི་ཇ་བསྲུབས་མའི་སྟེང་གི་སྣུམ་ཞགས་ལ་ཕུབ་འདེབས་པ་དང་།  དེའི་སྐབས་རང་ཉིད་སློབ་ཆེན་འགྲིམ་སྐབས་དགུན་གནང་ལ་ཁྱིམ་དུ་ལོག་རྗེས་ཁོའི་ཨ་མས་བཟོས་པའི་ཇ་བསྲུབས་མ་དེ་ཡིད་ལ་དྲན་འོང་ལ། དེའི་བྲོ་བ་མངར་ལ་ཞིམ་པས།  ལོ་ཟླའི་འཁོར་རྒྱུག་གི་ཁྲོད་ནས་བཞུར་བའི་བརྩེ་བ་དེ་དག་མཆེད་ཡོང་།  
         དམིགས་བསལ་གྱི་ཞིམ་མངར་བྲོ་བ་ལྡན་པའི་སྐམས་ཤ་དང་།  དྲི་ཞིམ་ཕྱོགས་བཞིར་འཐུལ་བའི་ལུག་གི་རྩིབ་ཤ། སྣུམ་རུང་ཚིམས་པ་མེད་པའི་ཁྲག་རྒྱུ། སྐྱུར་ལ་ཞིམ་པའི་འོ་ཞོ་སོགས་བོད་རང་གི་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་ཟས་མཆོག་དག་ཚང་མས་དགའ་སྤྲོའི་ངང་ལོངས་སུ་སྤྱོད་པར་བྱེད།
         བོད་ཀྱི་ལོ་གསར་ཟས་མཆོག་ནི་གནའ་བོའི་སྲོལ་རྒྱུན་ཁྲོད་ལོ་གསར་གྱི་ཉམས་དོད་ཤོས་དེ་ཡིན་པ་དང་། དེས་དཀའ་སྤྱད་འབད་བརྩོན་ཁྲོད་ཀྱི་མེ་གསོད་རུ་མི་གསར་པ་རྣམས་ལ་དགའ་སྤྲོའི་སྣང་བ་སྦྱིན་པ་དང་། ལོ་གསར་པའི་བཀྲ་ཤིས་རྟེན་འབྲེལ་གྱི་སྨོན་འདུན་ཡང་མཚོན་ཐུབ།  
         2020ལོའི་བོད་ལུགས་ལོ་གསར་སྐབས་ཀྱི་མེ་གསོད་རུ་མི་གསར་པ་རྣམ་པའི་ལོ་གསར་གྱི་བྲོ་བ་ནི་ཞིམ་མངར་གྱི་བྲོ་བ་ཞིག་སྟེ། དེ་ནི་བརྩེ་བ་དང་རེ་བས་ཁེངས་པའི་བྲོ་བ་ཞིག་རེད། བྲོ་བ་དེའི་རྒྱབ་རོལ་གྱི་བརྩེ་བ་ཟབ་མོ་དེ་ནི་ལོ་གསར་པའི་ནང་ཁོ་ཚོ་གངས་ལྗོངས་ཀྱི་རི་ཆུ་ལུང་གསུམ་བརྒྱུད་དེ་དཀའ་བ་བརྒྱ་ཕྲག་གདོང་གིས་བསུ་སྐབས། རྟག་ཏུ་ཁོ་ཚོ་དང་འགྲོགས་ཅིང་ཁོ་ཚོ་ལ་སྐུལ་མ་བྱེད་བཞིན་མཆིས།