▶ཀྲུང་གོ་རང་སའི་རིམས་ནད་གཞི་རྩའི་ཐོག་མཆེད་མཚམས་ཆོད་པ་བསྟན་འདུག
སྤེལ་དུས 2020-03-25
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
རྩོམ་པ་པོ།
ཚེས་23ཉིན། ཏོག་གསར་གློ་ཚད་རིམས་ནད་ཀྱི་ལས་དོན་སྒྲུབ་མཁན་ཀྲུང་དབྱང་འགོ་ཁྲིད་ཚོགས་ཆུང་གིས་ཚོགས་འདུ་འཚོགས་ཏེ། ཕྱི་རྒྱལ་ནས་ཡོང་བའི་ནད་པ་བཀག་འགོག་དང་ནང་རྒྱལ་དུ་རིམས་ནད་སླར་མཆེད་ཡོང་རྒྱུར་སྔོན་འགོག་དང་། དེ་བཞིན་བཟོ་ལས་ཐོན་སྐྱེད་གོ་རིམ་ལྡན་པའི་ངང་སླར་གསོ་ཡོང་བར་སྐུལ་འདེད་གཏོང་བའི་འབྲེལ་ཡོད་བྱ་ཐབས་བཅས་ལ་བཀོད་སྒྲིག་བྱས་ཡོད།
ད་ལྟའི་གནས་བབ།
ཚོགས་ཐོག་ཏུ་མིག་སྔར། ཝུའུ་ཧན་གཙོ་བྱས་པའི་ཀྲུང་གོ་རང་སའི་རིམས་ནད་མཆེད་རྒྱུ་གཞི་རྩའི་ཐོག་མཚམས་ཆོད་ཡོད་མོད། ཡིན་ནའང་ནད་པ་ཐར་ཐོར་འབྱུང་བ་དང་ས་ཁུལ་ཁ་ཤས་སུ་རིམས་ནད་འགོ་ཁྱབ་ཡོང་བའི་ཉེན་ཁ་ད་དུང་སྔར་བཞིན་གནས་ཡོད་པའི་བརྡར་ཤ་བཅད་ཡོད།
སྔོན་འགོག་ཚོད་འཛིན་ཐབས་ཇུས།
གོ་ལ་ཧྲིལ་པོའི་རིམས་ནད་འགོས་མཆེད་ཀྱི་སྤྱིའི་གནས་བབ་དང་ཟུང་འབྲེལ་བྱས་ཏེ། ཕྱི་རྒྱལ་ནས་ཡོང་བའི་ནད་པ་བཀག་འགོག་དང་ནང་རྒྱལ་དུ་རིམས་ནད་སླར་མཆེད་རྒྱུར་འགོག་པའི་སྔོན་འགོག་ཚོད་འཛིན་གྱི་ཐབས་ཇུས་ལག་བསྟར་བྱ་རྒྱུ།
མིག་སྔའི་ལས་དོན་གཙོ་བོ།
ཝུའུ་ཧན་དང་ཧུའུ་པེས་ནད་གཞི་ལྕི་བའི་ནད་པ་སྐྱོབ་བཅོས་ཡག་པོ་བྱ་རྒྱུ་དང་། ནད་གཞི་ཕོག་མ་ཐག་པའི་ནད་པར་དུས་ཐོག་ཏུ་སྨན་བཅོས་བྱ་རྒྱུ།
ཆ་འཕྲིན་གསལ་པོར་ཡོངས་བསྒྲགས་བྱེད་དགོས་པ་ལས་སྦ་གསང་དང་ཆད་ལུས་བྱས་མི་ཆོག་ལ། རིམས་ནད་ཀྱི་གནས་ཚུལ་ཤེས་རྟོགས་བྱུང་ཚེ་དོ་དམ་ཚོད་འཛིན་གནད་དུ་འཁེལ་བ་བྱས་ཏེ། ནད་པ་ཐོན་གནས་དང་འགོ་ཁྱབ་འགྲོ་སྲིད་པའི་ས་གནས་བཅས་ལ་ཚོད་འཛིན་བྱ་རྒྱུ།
གནད་ལ་འཁེལ་བའི་སྒོ་ནས་རིམས་ནད་རྒྱལ་ཁོངས་ལས་བརྒལ་ནས་ཕྱིར་འགོས་ནང་ཁྱབ་འགྲོ་རྒྱུར་དོགས་ཟོན་ནུས་ལྡན་བྱེད་པ།
རང་རྒྱལ་གྱི་ཕྱིར་སྡོད་གཞུང་ཚབ་དོན་གཅོད་ཁང་དང་འབྲེལ་ཡོད་ཕྱོགས་ཀྱིས་ཕྱི་རྒྱལ་དུ་གནས་པའི་རང་རྒྱལ་གྱི་སྤྱི་དམངས་ལ་གཞུང་ཚབ་སྲུང་སྐྱོང་དང་རིམས་ནད་སྔོན་འགོག་གི་རོགས་སྐྱོར་ཤུགས་ཆེན་བྱ་རྒྱུ།
རྒྱུན་མཐུད་ངང་ཉེན་ཁ་ཆུང་བའི་རྒྱལ་ཡོངས་ཀྱི་ཞིང་ཆེན་མང་ཆེ་བས་ཚན་རིག་དང་མཐུན་ལ་གནད་སྨིན་སྔོན་འགོག་ཚོད་འཛིན་བྱེད་པ་དང་ཆབས་ཅིག རྒྱུན་གཏན་གྱི་ཐོན་སྐྱེད་འཚོ་བ་དང་མི་མཐུན་པའི་སྔོན་འགོག་ཚོད་འཛིན་བྱེད་ཐབས་དུས་ཐོག་ཏུ་མེད་པ་བཟོ་བ།
ཞིབ་མཆན་འགོད་པ་སོགས་ལ་ཁ་གཡར་ནས་ཁེ་ལས་ཀྱི་ལས་འགོ་བསྐྱར་འཛུགས་བྱ་རྒྱུ་ནར་འགྱངས་བྱས་མི་ཆོག་པ།
ཉེན་ཁ་ཆེ་བ་དང་ཉེན་ཁ་འབྲིང་ཙམ་ཡིན་པའི་ས་ཁུལ་ནས་ཡོང་བའི་མི་ཕུད། མི་གཞན་དག་ལས་གནས་སུ་མ་ཞུགས་གོང་ལོགས་བཀར་བྱ་མི་དགོས་པ།
ས་གནས་དང་ཚན་པའི་འགན་འཁྲི་ནན་དུ་བཏང་ནས་ལས་ཀ་བྱ་ཡུལ་གྱི་སྔོན་འགོག་ཚོད་འཛིན་དང་ལས་མིའི་འགོག་སྲུང་ཡག་པོ་བྱེད་པ།
ས་གནས་ཁག་གིས་ཚ་རྒྱས་སྒོ་བསྟེན་སྨན་བཅོས་སོགས་ཀྱི་ལམ་ལུགས་སོར་འཇོག་བྱས་ནས། འཕྲལ་སྡོམ་ཐག་གཅོད་ཀྱི་ནུས་པ་རྒྱུན་འཁྱོངས་བྱས་ཏེ་སྔ་ཙམ་བཞི(སྔ་ཙམ་ཤེས་རྟོགས་དང་སྔ་ཙམ་བརྟག་དཔྱད། སྔ་ཙམ་སྨན་བཅོས། སྔ་ཙམ་ལོགས་བཀར།)བྱེད་ཐུབ་པ་བྱེད་པ།
རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཉམ་འགོག་མཉམ་སྡོམ་སྡེ་ཚན་གྱིས་ས་གནས་ཁག་དང་ཧུའུ་པེ་བར་འབྲེལ་མཐུད་བྱ་རྒྱུར་མཛུབ་ཁྲིད་བྱས་ཏེ། ཧུའུ་པེར་ལུས་པའི་ཡུལ་གཞན་གྱི་མི་རང་ཡུལ་དུ་ལོག་པ་སོགས་ཀྱི་ལས་དོན་བདེ་འཇགས་དང་གོ་རིམ་ལྡན་པའི་སྒོ་ནས་ཡག་པོ་བསྒྲུབ་པ་བཅས་སོ།།
རྩོམ་སྒྲིག་པ།སྣང་རྡོར།