དམིགས་བསལ་གྱི་ལེགས་སྐྱེས་འདིར་མ་གཟིགས་ན་གྱོང་རག་ཡོང་།
སྤེལ་དུས 2020-03-25
ཡོང་ཁུངས། སེམས་ཀྱི་ཞིང་ཁམས།
རྩོམ་པ་པོ།
དཔྱིད་གསར་དུས་ཆེན་གྱི་སྔོན་དུ་བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་ཀྱིས་ལྷ་ས་དམིགས་བསལ་སློབ་གྲྭའི་དགེ་རྒན་རྣམས་གདན་འདྲེན་ཞུས་ཏེ། བོད་ཀྱི་ལོ་གསར་གྱི་བྱིས་པའི་རིག་རྩལ་མཚན་ཚོགས་ཕབ་ལེན་བྱས་པ་རེད། ཁོ་ཚོས་འཁྲབ་སྟོན་གནང་བའི་ཞབས་བྲོ་དེ་༢༠༢༠ལོའི་ཟླ་༢པའི་ཚེས་༢༦ཉིན་དངོས་སུ་གཟིགས་མོ་བ་དང་ཞལ་མཇལ་བྱུང་ཡོད། འཁྲུག་ཆ་དོད་པའི་ཞབས་བྲོ་དེ་རིམས་འགོག་སྨན་བཅོས་བྱེད་མཁན་གྱི་སྨན་དོན་མི་སྣར་ཕུལ་ནས་བོད་ཀྱི་བུ་ཕྲུག་ཚོའི་སྨོན་འདུན་དང་གཅེས་སེམས་མཚོན་པར་བྱས་ཡོད།
གྲུང་ཤ་དོད་ལ་སྙིང་རྗེ་བའི་ཕྲུ་གུ་དེ་དག་ནི་སྐད་སྒྲ་ཐོས་རྒྱུ་མེད་པའི་འཇིག་རྟེན་དུ་འཚོ་བཞིན་ཡོད་ལ། མ་གཞི་སྐད་སྒྲ་ཐོས་རྒྱུ་མེད་རུང་། ཁོ་ཚོས་འཚོ་བར་སྔར་བཞིན་གཅེས་འཛིན་དང་དགའ་ཞེན་བྱེད་པའི་སྙིང་སྟོབས་ནི་ང་ཚོ་བདེ་ཐང་གི་མི་དང་གཅིག་ཡིན། རྒན་ལགས་ཀྱི་ལག་བརྡའི་རོགས་རམ་འོག་ཁོ་ཚོས་གར་སྟེགས་ཐོག་ཡིད་དབང་འཕྲོག་པའི་ཞབས་བྲོ་འཁྲབ་ཐུབ་ཀྱིན་ཡོད་ལ། ཁོ་ཚོའི་གདོང་གི་རྣམ་འགྱུར་དེ་བས་སྤྲོ་སྣང་ལྡན་པ་ཞིག་ཡོད། དེའི་ཐོག་ནས་མ་གཞི་ནད་ཡམས་ལ་སྙིང་རྗེ་མེད་རུང་ང་ཚོའི་ཏང་གི་ཡང་དག་པའི་དབུ་ཁྲིད་དང་འཐབ་ས་མདུན་མར་དཀའ་ངལ་ལ་མི་འཛེམ་པར་སྨན་བཅོས་ཕྱག་ལས་གནང་མཁན་གྱི་སྨན་པ་ཚོའི་འབད་བརྩོན་འོག རིམས་ནད་ལས་མགྱོགས་མྱུར་ཐར་བའི་སེམས་པ་མཚོན་པར་བྱས་ཡོད།

བྱང་རྩྭ་ཐང་གི་ཞོགས་པའི་ཉི་གཞོན་སྦྲ་གུར་གྱི་སྟེང་དུ་འཕྲོས་པ་དང་། ཕྱུགས་རྫིས་འུར་རྡོ་གཡུག་གཡུག་བྱེད་བཞིན་ནོར་ལུག་རྩྭ་ཐང་དུ་འདེད་བཞིན་ཡོད། ནོར་ལུག་རྫི་གླུ་སྙན་མོའི་འགྱུར་ཁུག་དང་བསྟུན་ཏེ་དལ་དལ་ལྷོད་ལྷོད་ངང་རྩྭ་ཐང་ཡོངས་སུ་ཁྱབ་ཡོད་པས། མི་དང་སྲོག་ཆགས་ནི་ནམ་ཡང་ཕན་ཚུན་གཅིག་ལ་གཅིག་བརྟེན་ཡིན་སྟབས། ང་ཚོས་རང་བྱུང་ཁམས་ཆེན་མོའི་སྲོག་ཆགས་ལ་གཅེས་འཛིན་བྱས་ཏེ། མི་དང་སྲོག་ཆགས་གཉིས་ཞི་བདེ་མཉམ་གནས་ངང་འཚོ་་བ་བསྐྱལ་རྒྱུར་སྐུལ་འདེད་བྱས་ཡོད།

འཁྲབ་སྟོན་ཚང་མར་འཁྲབ་ཁྲིད་པས་བསམ་བློ་དྲུག་གསུམ་བཅོ་བརྒྱད་བཏང་ཏེ་ཞབས་བྲོའི་ནང་དོན་དང་ཞབས་བྲོའི་ཉམས་འགྱུར་བསྟན་ཡོད། དེ་དང་ཆབས་ཅིག་ཕྲུ་གུ་ཚོས་ཀྱང་ལུས་ཤུགས་དང་དུས་ཚོད་མང་པོ་ཞིག་སྤྱད་དེ་སྦྱང་བཞིན་ཡོད་པས། དེའི་སྐབས་ཀྱི་དཀའ་ངལ་ནི་ང་ཚོས་རྟོགས་དཀའ་བ་ཞིག་རེད། ལྷག་པར་དུ་དམིགས་བསལ་སློབ་གྲྭའི་སྐད་སྒྲ་ཐོས་རྒྱུ་མེད་པའི་སློབ་ཕྲུག་ཚོས། ཡོད་ཚད་རྒན་ལགས་ལ་ལད་མོ་བྱས་ནས་སྦྱང་བཞིན་ཡོད་སྟབས། རྒན་ལགས་ཀྱི་ཕྱག་བརྡ་ནི་ཕྲུ་གུ་ཚོའི་མིག་དབང་འཕྲོག་ཡུལ་གཙོ་བོ་རེད། ཁོ་ཚོའི་ངོས་ནས་བརྗོད་ན་གར་སྟེགས་ཀྱི་ཐོག་ཏུའང་རྒན་ལགས་ཀྱི་ཕྱག་བརྡ་ནི་རོལ་དབྱངས་ལྟ་བུ་ཡིན་པས། དུས་དང་རྣམ་པ་ཀུན་ཏུ་རྒན་ལགས་དང་ཁ་བྲལ་ཐབས་མེད་པ་ཞིག་ཏུ་གྱུར་ཡོད། དམིགས་བསལ་སློབ་གྲྭའི་རྒན་ལགས་ཀྱིས་སྔ་ཕྱི་བར་གསུམ་དུ་གཞན་ཕན་ལྷག་བསམ་དཀར་པོའི་ཐུགས་སེམས་བཅངས་ནས་སློབ་ཕྲུག་ཚོ་གསོ་སྐྱོང་གནང་བཞིན་ཡོད།
རྩོམ་སྒྲིག་པ།སྣང་རྡོར།