ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

ཁྲོན་བོད་ལྕགས་ལམ་གྱི་ལྷ་ཉིང་དུམ་བུའི་ཕུག་ལམ་ཚང་མ་སྦྲེལ་མཐུད་བྱུང་བ།

སྤེལ་དུས 2020-04-08 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པད་མ་རྒྱལ་གྱིས་བསྒྱུར།
          ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ་4པའི་ཚེས་7ཉིན། ཁྲོན་བོད་ལྕགས་ལམ་གྱི་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་དུམ(ལྷ་ཉིང་ལྕགས་ལམ)གྱི་གཙོ་གནད་ཚོད་འཛིན་རང་བཞིན་གྱི་ལས་གྲྭ་སྟེ། སྨན་གླིང་ཕུག་ལམ་དང་གཙང་དཀར་ཕུག་ལམ་ཉིན་གཅིག་ནང་བདེ་བླག་ངང་སྦྲེལ་མཐུད་བྱུང་ཞིང་། ད་ལྟའི་བར་ཁྲོན་བོད་ལྕགས་ལམ་གྱི་ལྷ་ཉིང་དུམ་བུའི་ལམ་ཐིག་ཧྲིལ་པོའི་སྤྱི་ལེ་216.5ཡི་ཕུག་ལམ་47ཚང་མ་མཐུད་འབྲེལ་བྱུང་ཐུབ་ཡོད་པ་རེད།

འདི་ནི་ཀྲུང་གོའི་ལྕགས་ལམ་ཅུས་ཨང་བཅུ་དགུ་པའི་ལས་བཟོ་པ་རྣམས་ལྷ་ཉིང་ལྕགས་ལམ་གྱི་སྨན་གླིང་ཕུག་ལམ་ནང་བདེ་བླག་ངང་མཉམ་འཛོམས་བྱུང་བའི་རྣམ་པ་རེད།

འདི་ནི་ལྷ་ཉིང་ལྕགས་ལམ་གྱི་སྨན་གླིང་ཕུག་ལམ་ནང་བདེ་བླག་ངང་སྦྲེལ་མཐུད་བྱུང་བའི་རྣམ་པ་རེད།
          སྔ་དྲོའི་ཆུ་ཚོད་10པར། ཀྲུང་གོའི་ལྕགས་ལམ་ཅུས་ཨང་བཅུ་དགུ་པའི་ཨར་ལས་མི་སྣས་སྨན་གླིང་ཕུག་ལམ་གྱི་དབུས་དཀྱིལ་ནས་བདེ་བླག་ངང་མཉམ་འཛོམས་བྱུང་། སྨན་གླིང་ཕུག་ལམ་གྱི་ཆ་སྙོམས་ཀྱི་ས་བབ་མཐོ་ཚད་ལ་སྨི་3100ཡོད་པ་དང་། སྤྱིའི་རིང་ཚད་ལ་སྨི་11560དང་། ས་སྦས་ཀྱི་རྒྱ་ཆེ་ཤོས་སུ་སྨི་1200ཡོད་ཅིང་། དེ་ནི་བོད་རང་སྐྱོང་ལྗོངས་ཉིང་ཁྲི་གྲོང་ཁྱེར་སྨན་གླིང་རྫོང་དུ་གནས་པ་དང་། ལྷ་ཉིང་ལྕགས་ལམ་གྱི་ལམ་ཐིག་ཧྲིལ་པོའི་ཨར་སྐྲུན་ལས་ཀའི་དཀའ་ཚེགས་ཆེ་ཤོས་ཀྱི་སྨི་ཁྲི་ལྷག་ཡོད་པའི་ཕུག་ལམ་དྲུག་ཁྲོད་ཀྱི་གཅིག་ཡིན་པས། ས་གཤིས་ཀྱི་ཆ་རྐྱེན་རྙོག་འཛིང་ཆེ་བ་དང་བདེ་འཇགས་ཀྱི་རིམ་པའི་ཉེན་ཁ་ཧ་ཅང་ཆེ་བའི་ཕུག་ལམ་ཞིག་ཡིན། ཀྲུང་གོའི་ལྕགས་ལམ་ཅུས་ཨང་བཅུ་དགུ་པའི་ཚོགས་པ་ཚད་ཡོད་ཀུང་སིའི་ལྷ་ཉིང་ལྕགས་ལམ་བཀོད་འདོམས་པུའུ་ཡི་བཀོད་འདོམས་པ་ཧོ་ཞུས་ཀྱིས་ངོ་སྤྲོད་བྱས་པར་ལྟར་ན། ཕུག་ལམ་ཨར་ལས་ཀྱིས་བྲག་རི་འབར་གས་ཀྱི་སྔོན་དཔག་སྔོན་བརྡ་དང་།འཁྱགས་རོམ་གྱི་བང་རིམ་བརྒལ་བ། རླུང་བསགས་བྱེ་ཕུང་སོགས་འཛམ་གླིང་རིམ་པའི་ཕུག་ལམ་ཨར་ལས་ཀྱི་དཀའ་གནད་གཅིག་རྗེས་གཉིས་མཐུད་ངང་ཁྱད་བསད་བྱས་པ་རེད།

འདི་ནི་ལྷ་ཉིང་ལྕགས་ལམ་སྨན་གླིང་ཕུག་ལམ་གྱི་རྣམ་པ་རེད།

འདི་ནི་ཨར་ལས་མི་སྣས་ཁུང་བུ་བརྟོལ་བཞིན་པའི་རྣམ་པ་རེད།
          ལྷ་ཉིང་ལྕགས་ལམ་ནི་བོད་རང་སྐྱོང་ལྗོངས་ཀྱི་གློག་ཤུགས་ཅན་གྱི་ལྕགས་ལམ་ཐོག་མ་དེ་ཡིན་ཞིང་། ལམ་ཐིག་ཧྲིལ་པོའི་རིང་ཚད་ལ་སྤྱི་ལེ་435ཡོད་པ་དང་ཆུ་ཚོད་རེའི་མྱུར་ཚད་སྤྱི་ལེ་160རུ་ཇུས་འགོད་བྱས་ཡོད་ཅིང་། ལྷ་གཞིས་ལྕགས་ལམ་དེ་ཤེལ་གྲོང་བབས་ཚུགས་ནས་དྲངས་ཏེ། ལྷོ་ཕྱོགས་སུ་གངས་ཏི་སེ་བརྒལ་ཏེ་ཡར་ཀླུང་གཙང་པོའི་ལུང་ཤུར་དུ་བསྐྱོད་ནས་གོང་དཀར་རྫོང་ནས་ཡར་ཀླུང་གཙང་པོ་བརྒལ་རྗེས་ལུང་ཤུར་བརྒྱུད་དེ་མར་བསྐྱོད་པ་དང་།ཤར་ཕྱོགས་སུ་གྲ་ནང་དང་། སྣེ་གདོང་། ཟངས་རི། རྒྱ་ཚ། སྣང་རྫོང་། སྨན་གླིང་བཅས་བརྒྱུད་རྗེས་ཉང་ཆུ་བརྒྱུད་དེ་ཉིང་ཁྲིར་བསྐྱོད་པ་རེད། དེའི་ལམ་ཐིག་ཧྲིལ་པོར་ཕུག་ལམ་སྤྱི་ལེ་216.5ཡི་ཕུག་ལམ་47གསར་སྐྲུན་བྱས་པ་དེས་ལམ་ཐིག་སྤྱིའི་རིང་ཚད་ཀྱི་53.69%བཟུང་བ་དང་། དེའི་ནང་སྤྱི་ལེ་10ཡན་གྱི་ཕུག་ལམ་རིང་ཤོས་དྲུག་ཡོད་པ་རེད། མིག་སྔའི་བར་ལམ་ཐིག་ཧྲིལ་པོའི་ཕུག་ལམ་47ཚང་མ་སྦྲེལ་མཐུད་བྱུང་ཟིན་པ་དང་། ཟམ་པ་120ལས་ཟམ་པ་119བསྐྲུན་ཟིན་པ་དང་། ལམ་ཐིག་སྤྱི་ལེ་115.11ལ་ལམ་ལྕགས་བཏིང་ཟིན་ཞིང་། སྔོན་དཔག་བྱས་ན་2020ལོའི་ལོ་མཇུག་ཏུ་ལྕགས་ལམ་ཧྲིལ་པོ་འདིང་ཚར་རྒྱུ་ཡིན་པ་དང་། 2021ལོར་ཤར་གཏོང་ཐུབ་ནས་བོད་ཤར་ལྷོའི་ས་ཁུལ་གྱི་ལྕགས་ལམ་མེད་པའི་ལོ་རྒྱུས་ཀྱི་མཇུག་འགྲིལ་རྒྱུ་རེད།

འདི་ནི་ལྷ་ཉིང་ལྕགས་ལམ་སྨན་གླིང་ཕུག་ལམ་གྱི་རྣམ་པ་རེད།
          ལྷ་ཉིང་ལྕགས་ལམ་ནི་ད་ལྟ་འཛུགས་སྐྲུན་བྱེད་བཞིན་པའི་ཁྲོན་བོད་ལྕགས་ལམ་ཡིན་ཞིང་། དེ་ནི་མི་འགྱངས་པར་བསྐྲུན་རྒྱུའི་ཡུན་བོད་ལྕགས་ལམ་གྱི་ཐུན་མོང་གི་ལམ་དུམ་ཞིག་ཡིན་པ་དང་། བོད་སྐྱོད་ལྕགས་ལམ་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན། ལམ་དུམ་དེ་བསྐྲུན་ཟིན་ནས་ལྕགས་ལམ་ཤར་གཏོང་ཐུབ་པ་དེས་ས་ཁོངས་ཀྱི་ལྕགས་ལམ་དྲ་བའི་བཀོད་པ་ལེགས་བཅོས་བྱེད་ཆོག་ཅིང་། བོད་ལྗོངས་ཀྱི་འགྲིམ་འགྲུལ་གྱི་རྣམ་པ་ལེགས་བསྒྱུར་ཆེན་པོ་བཏང་སྟེ། བོད་ལྗོངས་འདི་ཉིད་སི་ཁྲོན་དང་ཁྲུང་ཆིང་གི་དཔལ་འབྱོར་ཁུལ་དང་འབྲི་ཆུའི་དཔལ་འབྱོར་ཁུལ་དང་འབྲེལ་མཐུད་བྱུང་ནས་བོད་ལྗོངས་གསར་སྤེལ་འཛུགས་སྐྲུན་དང་ལམ་རྒྱུད་ཀྱི་དཔལ་འབྱོར་འཕེལ་རྒྱས་ཐད་དོན་སྙིང་གལ་ཆེན་ལྡན་པ་རེད།