ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

མཚོ་སྔོན་དབུས་ལམ་ཆུ་མིག་ལུང་བའི་བོད་བཙན་པོའི་དུས་སྐབས་ཀྱི་བང་སོ་ལྡེབས་རིས་ཅན་ཏེ། ས་མཐོར་དུར་དུ་སྦས་པའི་གསེར་གྱི་ཅོད་པན།

སྤེལ་དུས 2020-05-09 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། བཀྲ་ཤིས་རྒྱལ་གྱིས་བསྒྱུར།

        ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། 2020ལོའི་ཟླ5པའི་ཚེས5ཉིན། 2019ལོའི་ལོ་འཁོར་གྱི་རྒྱལ་ཡོངས་ཀྱི་གནའ་རྫས་རྟོག་ཞིབ་ཀྱི་གསར་རྙེད་ཆེན་པོ་བཅུ་ཁྱབ་བསྒྲགས་བྱས་ཤིང་། མཚོ་སྔོན་གྱི་དབུས་ལམ་ཆུ་མིག་ལུང་པའི་བོད་བཙན་པོའི་དུས་སྐབས་ཀྱི་བང་སོ་ལྡེབས་རིས་ཅན་ནི་དེའི་གྲས་སུ་ཚུད་ཡོད་པ་རེད། ཆུ་མིག་ལུང་པའི་བང་སོ་དེ་མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་དབུས་ལམ་ཤིས་ལི་འགག་གྲོང་བརྡལ་ཧོ་ཏུང་གྲོང་ཚོའི་ཆུ་མིག་ལུང་པའི་ཉེ་འགྲམ་གྱི་ལུང་ཁུག་ཏུ་ཡོད་ཅིང་། བང་སོ་ཨང་ཀི་དང་པོ་ནི་དེའི་འབུར་ཞིག་གི་ལྡེབས་ངོས་སུ་བསྐྲུན་ཡོད་ལ། 2018ལོའི་ཟླ9པ་ནས2019ལོའི་ཟླ9པའི་བར་རྒྱལ་ཁབ་རིག་དངོས་ཅུས་ཀྱི་ཆོག་མཆན་ཐོབ་པ་བརྒྱུད་ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་གནའ་རྫས་རྟོག་ཞིབ་ཞིབ་འཇུག་སའོ་དང་མཚོ་ནུབ་ཁུལ་མི་རིགས་རྟེན་རྫས་བཤམས་མཛོད་ཁང་། དབུས་ལམ་རྫོང་རིག་གནས་ལུས་རྩལ་ཡུལ་སྐོར་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་ཅུས་བཅས་ཀྱིས་མཉམ་དུ་བང་སོ་དེ་སྔོག་འདོན་བྱས་པ་རེད། 
        ཆུ་མིག་ལུང་པའི་བང་སོ་ཨང་ཀི་དང་པོ་ནི་ཕྱོགས་འགའི་ཐད“ཐོག་མ”དེ་ཆགས་ཡོད་པས་དོ་སྣང་བྱེད་འོས་པ་ཞིག་སྟེ། བང་སོ་དེ་ནི་མཚོ་བོད་ས་མཐོར་རྙེད་སོན་བྱུང་བའི་བོད་བཙན་པོའི་དུས་སྐབས་ཀྱི་བང་སོ་ལྡེབས་རིས་ཅན་ཐོག་མ་དེ་ཡིན་པ་དང་། པུར་སྒམ་ཚོན་རིས་ཅན་དེ་ཡང་ད་བར་དུ་མཚོ་བོད་ས་མཐོར་དུར་འཇུག་ཡོ་བྱད་ཀྱི་མཛེས་རྒྱན་དམིགས་བསལ་ཅན་རྙེད་སོན་བྱུང་བ་ཐོག་མ་ཡིན་པ། དུར་ཁྲོད་དུ་དམ་སྦྱར་གྱི་གསང་དྲ་བཙུགས་ཡོད་པ་བཅས་ནི་ཀྲུང་གོ་མ་ཟད་ཐ་ན་འཛམ་གླིང་ཡོངས་ཀྱི་གནའ་རྫས་རྟོག་ཞིབ་ལོ་རྒྱུས་ཐོག་དེ་འདྲ་ཞིག་རྙེད་སོན་བྱུང་མྱོང་མེད། 
        ས་འོག་ནས་ཐོན་པའི་རིག་དངོས་དང་ལྡེབས་རིས་ཀྱི་ཁྱད་ཆོས་ལ་གཞིགས་ན། བང་སོ་དེ་ནི་བོད་བཙན་པོའི་དུས་སྐབས་ནས་ཡིན་པ་རིགས་འདེད་བྱས་ཆོག་ལ། ཐཱན14ཡི་ལོར་སྔོན་དཔག་བྱས་ན་སྤྱི་ལོའི་དུས་རབས8པར་ར་སྤྲོད་ཐུབ་ཀྱི་ཡོད། བང་སོ་དེ་གསར་རྙེད་བྱུང་པ་དེས་གནའ་བོའི་རྒྱ་བོད་རིག་གནས་མཉམ་འདྲེས་ཀྱི་འཕེལ་རིམ་དང་མཚོ་སྔོན་གྱི་དར་གོས་ལམ་བུའི་རིག་གནས་སྤེལ་རེས་ཀྱི་རྣམ་པ་བཟང་པོ་འཚོལ་ཞིབ་བྱ་རྒྱུར་རིག་གཞུང་གི་རིན་ཐང་གལ་ཆེན་ལྡན་པ་རེད། 
འདི་ནི་མདུན་ཁང་ངོས་ཀྱི་ལྡེབས་རིས་ཏེ་རྟ་ཁྲིད་དེ་མགྲོན་བསུ་བ་རེད། 
འདི་ནི་གནའ་རྫས་རྟོག་ཞིབ་མི་སྣས་གསང་དྲར་གཙང་དག་བྱེད་བཞིན་པ་རེད། 
འདི་ནི་ཤིང་སྒམ་ནང་གི་གསེར་གྱི་ཅོད་པན་དང་གསེར་བུམ་རེད། 
འདི་ནི་ཤིང་སྒམ་ནང་གི་གསེར་བུམ་རེད། 
འདི་ནི་པུར་སྒམ་ཚོན་རིས་ཅན་རེད།