མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་ལག་ཤེས་པ་དང་མདོ་ལ་རྫོང་མུ་རི་གྲོང་རྡལ་ཕྱོགས་བསྡུས་རིག་གནས་ས་ཚིགས་ཀྱི་འགོ་བ་སྒྲོལ་མ་མཁའ་འགྲོའི་གནས་ཚུལ་བཀོད་པ།
དབྱར་དུས་ཀྱི་མུ་རི་རྩྭ་ཐང་གི་རྔམ་བརྗིད་ལྡན་པའི་ས་མཐོའི་འབྲོག་རའི་ཡུལ་ལྗོངས་ལྟ་ན་སྡུག་ལ། མིག་གིས་ཕར་ལ་བལྟས་ཚེ། རི་བོ་ཡོད་ཚད་རྩྭ་ལྗང་གིས་གཡོགས་ཤིང་སྤྲིན་དཀར་ས་ལ་ལྷུང་འདྲའི་སྦྲ་གུར་གྱི་འགྲམ་དུ་ནོར་ལུག་ཁྱུ་དང་ཁྱུ་བྱས་ནས་བག་ཕེབས་ངང་རྩྭ་ཟ་བཞིན་ཡོད། ཐག་རིང་ལུང་ཁུག་ཏུ་གནས་པ་དང་དཔལ་འབྱོར་རྗེས་ལུས་ཡིན་པས་སྐྱེས་པ་མང་ཆེ་བ་སྒོ་ཕྱི་རུ་གླ་རྒྱག་པར་བསྐྱོད་ཡོད་ལ་བུད་མེད་ཁག་ཅིག་གིས་ཁྱིམ་ལས་བྱེད་ཀྱི་ཡོད།
ས་གནས་དེ་གའི་དབུལ་ཕོངས་གཞིས་སྲུང་བུད་མེད་ཚོས་འཚོ་བའི་གནས་ཚུལ་ལ་འགྱུར་ལྡོག་གཏོང་ཆེད། སྒྲོལ་མ་མཁའ་འགྲོ་ཡིས་སྣེ་ཁྲིད་འོག་མཉམ་དུ་ཁོས་བཙུགས་པའི་ཨ་ཅག་ལགས་རིག་གནས་ཀུང་སིར་ཞུགས་ཤིང་། ཁོ་མོ་ཚོས་འཚེམ་དྲུབ་དང་དར་སྐུད་རི་མོ་སོགས་བོད་རིགས་ཀྱི་བཟོ་རྩལ་ཐོན་རྫས་འཕེལ་རྒྱས་སུ་བཏང་བ་བརྒྱུད་དེ། བོད་ཀྱི་རིག་གནས་དར་སྤེལ་གཏོང་བ་དང་ཆབས་ཅིག་རང་ཉིད་ཀྱི་འཚོ་བར་གནམ་ས་བླ་འོག་བརྗེ་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད།
2003ལོར་སྒྲོལ་མ་མཁའ་འགྲོ་ཕ་ཡུལ་ཡུལ་ཤུལ་ནས་མདོ་ལ་རྫོང་དུ་གནས་ལ་ཡོང་ཞིང་། འདི་ནས་ཁོ་མོ་རིག་དངོས་ལས་དོན་པ་དང་གླུ་གར་ཚོགས་པའི་ཚོགས་གཙོ་བྱས་མྱོང་ལ། 2010ལོར་ཡུལ་ཤུལ་དུ་ས་ཡོམ་བྱུང་རྗེས་སྒྲོལ་མ་མཁའ་འགྲོའི་འཚོ་བར་རྩ་བའི་ཆ་ནས་འགྱུར་ལྡོག་ཆེན་པོ་ཞིག་བྱུང་ཡོད།
“ཡུལ་ཤུལ་དུ་ས་ཡོམ་བྱུང་སྐབས་ངའི་ཁྱིམ་རྒྱུད་ཀྱི་གཉེན་ཉེ22མེད་པར་གྱུར་སོང”ཞེས་སྒྲོལ་མ་མཁའ་འགྲོ་ངུ་བཞིན་དུ་དེ་ལྟར་བཤད། ས་ཡོམ་བྱུང་རྗེས་མདོ་ལའི་ས་གཞི་དེར་དགའ་ཞེན་ཚད་མེད་སྐྱེས་པ་དང་དེ་གའི་གཉེན་ཉེ་དང་གྲོགས་པོར་བརྩེ་དུང་ཟབ་མོ་ཆགས་པས་ཁོ་མོས་མདོ་ལར་བསྡད་ནས་འཚོ་བ་རོལ་རྒྱུའི་གདམ་ག་བྱས།

དེའི་རྗེས་སུ། སྒྲོལ་མ་མཁའ་འགྲོ་ཡིས་སེམས་ནུས་ཡོད་རྒུ་རང་གི་བྱ་བའི་སྟེང་བཞག་ཡོད་མོད། ཐེངས་ཤིག་ལ་གླུ་གར་ཚོགས་པའི་ནང་སྦྱོང་བརྡར་བྱེད་སྐབས་བསམ་ཡུལ་ལས་འདས་པ་ཞིག་ལ་ཁོ་མོའི་རྐེད་པར་རྨས་སྐྱོན་ཚབས་ཆེན་ཞིག་ཕོག་བྱུང་། 2014ལོར་སྒྲོལ་མ་མཁའ་འགྲོ་མུ་རི་གྲོང་རྡལ་དུ་ལས་གནས་སྤར་རྗེས། མུ་རི་གྲོང་རྡལ་ཕྱོགས་བསྡུས་རིག་གནས་ས་ཚིགས་ཀྱི་འགོ་བ་དང་དུས་མཚུངས་སུ་གྲོང་ཚོར་བཅའ་སྡོད་བྱེད་པའི་ལས་དོན་ཚན་ཆུང་གི་ཙུའུ་ཀྲང་གི་འགན་ཁུར། གཞི་རིམ་དུ་ཟབ་ཞུགས་བྱས་རྗེས་མོས་མྱུར་དུ་གནད་དོན་གལ་ཆེན་ཞིག་རྙེད་པ་སྟེ། བོད་རིགས་མང་ཚོགས་ཀྱིས་ཕྱུགས་ཟོག་འཚོ་རྒྱུ་གཙོ་བོར་འཛིན་པ་དང་། སྐྱེས་པ་མང་བོ་ཞིག་ཕྱི་རུ་ཞོར་ལས་ལ་སོང་བས་གཞིས་སྲུང་བུད་མེད་རྣམས་ཀྱིས་ཁྱིམ་གྱི་རྒན་རྒོན་དང་བྱིས་པར་ལྟ་རྟོག་བྱེད་དགོས་པར་མ་ཟད་ད་དུང་ཕྱུགས་ཟོག་ཀྱང་གསོ་དགོས། འོན་ཀྱང་ཡོང་འབབ་སྔར་བཞིན་མི་བཟང་བ་དང་དབུལ་བོ་མི་ཉུང་བ་ཞིག་ཡོད།

བརྟག་ཞིབ་ཐེངས་མང་བྱས་པ་བརྒྱུད། སྒྲོལ་མ་མཁའ་འགྲོ་ཡིས་གལ་ཏེ་འཚེམ་དྲུབ་དང་དར་སྐུད་རི་མོ་སོགས་ལྟ་བུའི་སྲོལ་རྒྱུན་གྱི་ལག་ཤེས་བཟོ་རྩལ་ཐོན་རྫས་འཕེལ་རྒྱས་སུ་གཏང་ཐུབ་ན། གཞིས་སྲུང་བུད་མེད་འདི་དག་གིས་ཁྱིམ་ཚང་ལ་བདག་སྐྱོང་བྱེད་ཞོར། ཡོང་འབབ་འཕར་མ་ལེན་ཐུབ་པ་ཤེས་རྟོགས་བྱུང་། “མདོ་ལར་ཡུལ་སྐོར་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་མོད། རང་ཡུལ་གྱི་ཁྱད་ཆོས་ལྡན་པའི་ཡུལ་སྐོར་ཐོན་རྫས་དཀོན་པོ་རེད། བོད་མི་རིགས་ལ་དམིགས་བསལ་དུ་ཡོད་པའི་དར་སྐུད་བཟོ་རྩལ་ཐོན་རྫས་དང་། དར་སྐུད་ཐང་གའི་རི་མོ། ནོར་མགོ་ལུག་མགོའི་རྒྱན་ཆ། ལོ་མའི་རྩ་རྒྱུད་རི་མོ་སོགས་ཡོད་ཅིང་། དེ་དག་ཚང་མར་དམིགས་བསལ་གྱི་ཁྱད་ཆོས་རེ་ལྡན་པས་མི་རྣམས་ཀྱིས་དགའ་བོ་བྱེད་ཀྱིན་འདུག གལ་ཏེ་དེ་དག་ཐོན་ལས་ཅན་དུ་བསྒྱུར་ནས་ཚོང་རར་བཀྲམ་ན་སྐད་གྲགས་ཆོད་ཁོ་ཐག་རེད། ”དེར་བརྟེན། སྒྲོལ་མ་མཁའ་འགྲོ་ཡིས་མཐོ་སྒང་སྟེང་ཕུགས་འདུན་སེམས་སུ་ཉར་བའི་བུད་མེད་ཁག་ཅིག་གི་སྣེ་ཁྲིད་དེ་མདོ་ལ་མུ་རི་ཨ་ཅག་ལགས་མི་རིགས་བཟོ་རྩལ་ཐོན་རྫས་ཚད་ཡོད་འགན་ལེན་ཀུང་སི་བཙུགས་པ་རེད།
སྒྲོལ་མ་མཁའ་འགྲོ་ཡིས་དངོས་སུ་གཉེར་བའི་ཨ་ཅག་ལགས་མི་རིགས་བཟོ་རྩལ་ཐོན་རྫས་ཚད་ཡོད་འགན་ལེན་ཀུང་སིའི་ནང་གི་ལས་བཟོ་བ་ཚང་མ་ས་གནས་དེ་གའི་ཁྱིམ་ཚང་གི་བུད་མེད་ཡིན་ལ། ཁོ་མོ་ཚོ་ཆུང་དུས་ནས་འཚེམ་དྲུབ་ལ་རྒྱུས་མངའ་ཡོད་མཁན་ཏག་ཏག་ཡིན་ཞིང་། ནམ་རྒྱུན་ཁྱིམ་དུ་ཞིང་ལས་བྱེད་པ་དང་བྱིས་པར་ལྟ་སྐྱོང་བྱེད་པའི་ཞོར་ལ་རང་དང་ནང་མིར་གྱོན་ཆས་འཚེམ་བཟོ་བྱེད་པ་དང་། མི་མང་ཆེ་བས་རྨང་གཞིའི་འཚེམ་དྲུབ་ལག་རྩལ་ཁོང་དུ་ཆུད་ཡོད།
“ཕྱུགས་རྫི་ཞིག་སྒྱུ་རྩལ་བ་བྱེད་འདོད་དམ།”ཀུང་སིས་བཙུགས་པའི་དུས་འགོར་ཕྱིར་དྲན་ཞིག་བྱས་ན། སྡེ་མི་མི་ཉུང་བ་ཞིག་གིས་སྲོལ་རྒྱུན་གྱི་འཚེམ་དྲུབ་ཀྱིས་སྒོར་མོ་ཅི་ཡང་བཙལ་མི་ཐུབ་པར་ངོས་འཛིན་བྱེད་ཀྱི་ཡོད། དོགས་འདྲི་དང་རྒྱུས་ལོན་མི་ཐུབ་པའི་མདུན་དུ། སྒྲོལ་མ་མཁའ་འགྲོ་དང་སྡེ་བའི་ནང་གི་གཅེན་གཅུང་ཚོ་དཔའ་མི་ཞུམ་པར་མ་ཟད། དེ་ལས་ལྡོག་སྟེ་སྔར་བས་མཐུན་སྒྲིལ་བྱས་ཏེ། ཁབ་སྐུད་ཀྱི་སྐོར་ཉུལ་ཁྲོད་རིམ་བཞིན“སྒྱུ་རྩལ་བ”བྱེད་པའི་ཕུགས་འདུན་ཡང་ལག་ལེན་ལ་བསྟར་གྱིན་འདུག
“ང་ཚོས་སྲོལ་རྒྱུན་གྱི་འཚེམ་དྲུབ་དང་དར་སྲོལ་ཟུང་འབྲེལ་བྱས་ཡོད། ཐོན་སྐྱེད་བྱས་པའི་ལག་འཁྱེར་ཁ་པར་གྱི་ཤུབས་དང་ཀོ་ཁུག དཔུང་རྒྱན་སོགས་ལ་མི་མང་པོ་ཞིག་གི་དགའ་བསུ་ཐོབ་སྟེ་མང་དུ་ཉོས་པས་གླ་ཕོགས་ཀྱང་ཇེ་མཐོར་སོང་ཡོད།”ཅེས་མུ་རི་གྲོང་རྡལ་དགོ་ལུང་སྡེ་བའི་བུད་མེད་གསེར་མོ་མཚོས་དེ་ལྟར་བཤད།
གསེར་མོ་མཚོ་ནི་མདོ་ལ་རྫོང་གི་གནད་ཁེལ་དབུལ་སྐྱོར་གྱི་ཁྱིམ་ཚང་ཡིན་ཞིང་། ཁྱིམ་དུ་ལོ་ན་རྒས་པའི་སྒྱུག་མོ་དང་བྱིས་པ་ཆུང་ཆུང་ཞིག་ཡོད། ཁྱོ་གའི་ལུས་སྟོབས་ཞན་ཞིང་ནད་མང་བས་འཚོ་བར་དཀའ་ཁག་ཆེ་སྟབས། 2015ལོར། གསེར་མོ་མཚོ་ཨ་ཅག་ལགས་མི་རིགས་བཟོ་རྩལ་ཐོན་རྫས་ཚད་ཡོད་འགན་ལེན་ཀུང་སིར་ཞུགས། དང་ཐོག་ཁྱིམ་ཚང་གི་བུད་མེད་དཀྱུས་མ་ཞིག་ནས་ད་ལྟའི་ལོ་རེའི་ཡོང་འབབ་སྒོར་ཁྲི3ནས4བར་སླེབས་པས་བདེ་བླག་ངང་དབུལ་ཐར་བྱུང་བར་མ་ཟད། མུ་རི་གྲོང་རྡལ་དུ་ཚོང་ཁང་ཆུང་ཆུང་ཞིག་ཀྱང་ཕྱེས་ཡོད། “ཀུང་སིའི་མངགས་ཐོ་མང་དུ་ཕྱིན་པ་དང་བསྟུན་ནས་མི་སྒེར་གྱི་རྩལ་ནུས་མཐོ་རུ་ཕྱིན་ཡོད་པས་འཚེམ་དྲུབ་བཟོ་མཁན་གྱི་བུད་མེད་ཚོས་ཟླ་རེར་སྒོར800ནས2000བར་གྱི་སྒོར་མོ་བཙལ་ཐུབ་ཀྱིན་འདུག་ཅེས་གསེར་མོ་མཚོས་དེ་ལྟར་བཤད།

“དེ་སྔ་ང་ཚོས་ཐང་ག་དང་བོད་མི་རིགས་ཀྱི་གྱོན་ཆས་འཚེམ་དྲུབ་བྱེད་པ་ལས་བསམ་ཚུལ་གཞན་གང་ཡང་མེད། སྲོལ་རྒྱུན་གྱི་འཚེམ་དྲུབ་ནི་མཛེས་ཤིང་ལྟ་ན་སྡུག་པ་ཞིག་རེད། འོན་ཀྱང་དེང་རབས་ཀྱི་འཚོ་བའི་ཁྲོད་དུ་ཉེར་སྤྱོད་རང་བཞིན་ཆེན་པོ་མེད། ད་ལྟ་གསར་གཏོད་སྣ་ཚོགས་བྱས་པ་བརྒྱུད། ཐང་ག་དང་ཅིན་ཏིག་གྲོང་རྡལ་གྱི་རྫ་རུས་ཐང་ག སྒྱུ་རྩལ་ཅན་གྱི་སྒྲིག་ཆས། མི་རིགས་ཀྱི་ཉམས་འགྱུར་ལྡན་པའི་ལྡེབས་རིས་སོགས་ཕྱིར་བཏོན་ཡོད་པས་སྤྱོད་གོ་ཆེ་ཞིང་རིན་གོང་འོས་འཚམ་རེར་བརྗེ་ཐུབ”ཅེས་སྒྲོལ་མ་མཁའ་འགྲོ་ཡིས་ལག་ཏུ་ཁུལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་འཚེམ་དྲུབ་འགྲན་སྡུར་ཆེན་མོའི་ནང་ཞུགས་རྒྱུར་གྲ་སྒྲིག་བྱས་ཡོད་པའི“མདེལ་གཉིས་སྐར་གཅིག”གི་འཚེམ་དྲུབ་བརྩམས་ཆོས་དེ་བཟུང་ནས་དེ་ལྟར་བཤད། ཁོ་མོས་གསར་གཏོད་ཇུས་འགོད་ཀྱིས་འཚེམ་དྲུབ་ཀྱི་སྒྱུ་རྩལ་རིན་ཐང་མཐོ་རུ་གཏོང་ཐུབ་པར་མ་ཟད། ཐོན་རྫས་ཀྱི་རིན་གོང་ཡང་མཐོ་རུ་གཏོང་ཐུབ་པའི་ངོས་འཛིན་བྱེད་ཀྱིན་འདུག
གྲོང་རྡལ་གྱི་གཞིས་སྲུང་བུད་མེད་ཚོས་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་ཐོན་རྫས་ཀྱི་རྩལ་ནུས་མཐོ་རུ་གཏོང་ཆེད། སྒྲོལ་མ་མཁའ་འགྲོ་ཡིས་བུད་མེད་མཉམ་འབྲེལ་ལྷན་ཚོགས་དང་རིག་གནས་སྡེ་ཁག་སོགས་དང་འབྲེལ་བ་ཧུར་ཐག་བྱས་ནས། གསོ་སྦྱོང་འཛིན་གྲྭ་གཉེར་ཏེ་འཚེམ་དྲུབ་བྱེད་པའི་བུད་མེད་ཚོའི་མཐོང་རྒྱ་ཆེ་རུ་བཏང་ཡོད། ཁོ་མོ་ཚོར་སྲོལ་རྒྱུན་གྱི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་སྐུལ་ལྕག་ཐོབ་ནས་སྲོལ་རྒྱུན་གྱི་ལག་རྩལ་དེ་ཉིད་འཚོ་བ་དང་མཉམ་འདྲེས་ཐུབ་པ་བྱ་རྒྱུ་དེ་ཞིབ་འཇུག་བྱ་གཞི་གལ་ཆེན་ཞིག་ཏུ་གྱུར་ཡོད། ད་ལྟ། ཨ་ཅག་ལགས་མི་རིགས་བཟོ་རྩལ་ཐོན་རྫས་ཚད་ཡོད་འགན་ལེན་ཀུང་སིས་མཚོ་བྱང་དང་མཚོ་ནུབ། མགོ་ལོག ཡུལ་ཤུལ། ཐེན་ཅིན། ཧྲིན་ཀྲིན། པེ་ཅིང་བཅས་སུ་མཉམ་ལས་བྱས་པའི་ཁེ་ལས་དང་ཕྱིར་ཚོང་བྱེད་ས17བཙུགས་ཡོད་པ་རེད།

ད་ལྟ། སྒྲོལ་མ་མཁའ་འགྲོ་ནི་ཐག་ཉེ་རིང་གང་སར་སྐད་གྲགས་ཆོད་པའི་བུད་མེད་ལས་གཏོད་འཇོན་ཐང་ཅན་ཞིག་ཡིན་པ་དང་། ཁོ་མོས་བོད་རིགས་ཀྱི་རིག་གནས་ཁྱད་ཆོས་དང་མཚོ་བྱང་ཁུལ་གྱི“སུམ་འཛོམས”ཡུལ་སྐོར་བྱེད་སྟངས་ཁྱབ་གདལ་གཏོང་བར་སྐུལ་སྤེལ་ནུས་ལྡན་བཏང་ཡོད་པ་རེད། སྤྱིར་བཏང་དུ་འདུག་མི་འདོད་པའི་བོད་རིགས་བུ་མོ་འགའ་ཁྲིད་ནས་རང་ཉིད་ཀྱི་འབད་བརྩོན་དང་ནམ་ཡང་ཕམ་ཁ་ལ་མགོ་བོ་མི་སྒུར་བའི་སྙིང་སྟོབས་ལ་བརྟེན་ནས་འབྲོག་ཁུལ་གྱི་ཁྱིམ་བདག་མ་ནས་དར་སྲོལ་ཆེ་བའི་མ་ཡུམ་བར་གྱི་ཉམས་འགྱུར་མངོན་དུ་འགྱུར་བར་བྱས་ནས་མདོ་ལའི་བོད་ཀྱི་རིག་གནས་ཐོན་ལས་འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་སྐུལ་འདེད་མངོན་གསལ་བྱུང་ཡོད་པ་རེད། ཆབས་ཅིག་སྒྲོལ་མ་མཁའ་འགྲོ་ལ་རྒྱལ་ཡོངས་དྲ་རྒྱའི་ཕུལ་བྱུང་གཞོན་ནུ་དང་བླངས་པ་དང་། རྒྱལ་ཡོངས་ཚན་རྩལ་ཆེད་མངགས་པ། ཀྲུང་གོ་དམངས་ཁྲོད་རིག་རྩལ་མཁས་ཅན་མཐུན་ཚོགས་ཀྱི་ཚོགས་མི། མཚོ་སྔོན་ཞིང་ཆེན་གྱི་ཕུལ་བྱུང་ཚན་རྩལ་ཆེད་མངགས་པ། མཚོ་བྱང་ལག་ཤེས་པ་སོགས་ཀྱི་མཚན་སྙན་མང་པོ་ཐོབ་ཡོད་པ་རེད།
རྩོམ་སྒྲིག་པ། སྣང་རྡོར།