རྒད་པོ་ཁོང་དེ་འདྲའི་སྒབ་ཟོར་ཡང་བ་ལགས།
སྤེལ་དུས 2020-06-19
ཡོང་ཁུངས། བོད་ལྗོངས་ཉིན་ཚགས།
རྩོམ་པ་པོ།
ཁྲེང་ཀོན་ཆུས་དགའ་ལྡན་ཁང་གསར་སྒོ་ར་བྱང་མའི་དུད་སྦྲེལ་སྤྱི་མི་ཆུང་བདག་གི་སྐོར་བཀོད་པ།
སྤོ་བོ་ཆུང་བདག་ལགས་ཀྱིས་དུད་སྦྲེལ་སྤྱི་མིའི་ལས་རེས་ཁང་དུ་གྲོང་མིར་སྡེ་ཁུལ་གྱི་ལས་དོན་སྐོར་གླེང་བ།
དགའ་ལྡན་ཁང་གསར་སྒོ་ར་བྱང་མ་ནི་ལོ་རབས་ཀྱི་ཉམས་འགྱུར་ཟབ་མོ་ལྡན་པའི་སྲོལ་རྒྱུན་གྱི་བོད་བཟོའི་ཐོག་སོ་བཞི་ལྡན་གྱི་སྒོ་ར་ཆེན་པོ་ཞིག་ཡིན་ཞིང་། ལྷ་ས་གྲོང་ཁུལ་གྱི་ལྟེ་བར་གནས་པའི་རྗེ་འབུམ་སྒང་ཁྲོམ་གཞུང་ར་མོ་ཆེ་སྡེ་ཁུལ་དུ་ཆགས་ཡོད།
གནའ་ཉམས་དོད་པའི་སྒོ་ར་གཙང་སྦྲ་དོད་ལ་གྲལ་སྟར་འགྲིག་པོ་ཡོད་པ་ནི་སྤོ་བོ་ཆུང་བདག་ལགས་ཀྱི་བཀའ་དྲིན་རེད་ཅེས་གྲོང་མི་ཚོས་ཤོད་ཀྱི་འདུག ད་ལོ་ལོ་72ལ་སླེབས་པའི་སྤོ་བོ་ཆུང་བདག་ལགས་ནི་སྒོ་ར་འདིའི“གཉིས་ལྡན་དུད་སྦྲེལ”གྱི་དུད་སྦྲེལ་སྤྱི་མི་ཡིན་ཞིང་། གཟུགས་པོ་ཐང་ཤ་དོད་ལ། དབུ་ལ་རྒྱ་གར་ཞྭ་མོ་རྫ་མདོག་ཅིག་གྱོན་པ་དང་། ལག་གཡོན་མར་དཔུང་རྟགས་དམར་པོ་ཞིག་བཏགས་ཡོད་པས། སེམས་ཤུགས་ཤིན་ཏུ་ཆེ་བའི་སྣང་བ་ཞིག་སྟེར་གྱི་འདུག “ལོ་རྒས་ཀྱང་རང་ཉིད་ལ་སྤྲོ་སྣང་འཚོལ་དགོས། མི་ལ་ལ་གཞས་གཏོང་རྒྱུར་དགའ་བ་དང་། ལ་ལ་ཞབས་བྲོ་འཁྲབ་རྒྱུར་དགའ་པོ་ཡོད། ང་རང་སྒོ་རའི་ནང་གི་ལས་ཀ་ཙག་ཙིག་བྱེད་པར་དགའ་པོ་ཡོད”ཅེས་སྤོ་བོ་ཆུང་བདག་ལགས་ཀྱིས་དེ་ལྟར་བཤད།
སྤོ་བོ་ཆུང་བདག་ལགས་སྡོད་བྱ་འཁེལ་སྐབས། ཉིན་ལྟར་ཞོགས་པ་ཆུ་ཚོད་9པ་ཏག་ཏག་ལ་ལས་རེས་ཁང་དུ་ཡོང་གི་ཡོད། ཁོང་གི་ཉིན་རེའི་ལས་ཀ་ནི་གྲོང་མིར་སྤྱི་པའི་འཕྲོད་བསྟེན་དང་ཁོར་ཡུག་གཙང་སྦྲ་བྱེད་རྒྱུའི་སྐུལ་ལྕག་དང་། དེ་བཞིན་སྡེ་ཁུལ་གྱི་བརྡ་ཐོ་བརྒྱུད་བསྒྲགས་དང་ཕྱོགས་མིའི་གནས་ཚུལ་ཐོ་འགོད་ལ་གཞོགས་འདེགས་བྱ་རྒྱུ་སོགས་རེད།
ད་ལོའི་ཏོག་གསར་གློ་ཚད་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་རིང་། སྤོ་བོ་ཆུང་བདག་ལགས་ཀྱིས་སྡེ་ཁུལ་དུ་སྔོན་འགོག་དང་ཚོད་འཛིན་ཡག་པོ་བྱེད་དགོས་པའི་བླང་བྱ་སྔ་ས་ནས་བཏོན་པ་མ་ཟད། རང་ཉིད་ཀྱིས་དངུལ་བཏོན་ནས་རྒྱལ་སྒོའི་མཚམས་སུ་ས་གདན་བཏིང་སྟེ་དུག་སེལ་ཡང་ཡང་བྱེད་ཀྱི་ཡོད། ཁོང་གི་འགན་འཁུར་བའི་བྱ་ཐབས་དེར་སྒོ་ར་དང་སྡེ་ཁུལ་གྱི་གྲོང་མི་ཡོངས་ཀྱི་བསྔགས་བརྗོད་ཐོབ་ཡོད།
“གྲོང་མི་ཚོས་ང་དུད་སྦྲེལ་སྤྱི་མིར་བདམས་པས། ངས་དེའི་ནུས་པ་ཐོན་པ་བྱེད་དགོས”ཞེས་བརྗོད་དེ། སྤོ་བོ་ཆུང་བདག་ལགས་ཀྱིས་གྲོང་མིའི་ཆེད་ལས་ཀ་ཧུར་ཐག་བྱེད་ཀྱི་ཡོད།
“གཉིས་ལྡན་དུད་སྦྲེལ”གྱི་ལས་དོན་ཕྱོགས་ཡོངས་ནས་མ་སྤེལ་གོང་། སྤོ་བོ་ཆུང་བདག་ལགས་ཁོངས་གཏོགས་ཁུལ་གྱི་གྲོང་མིའི་ཙུའུ་ཀྲང་ཡིན་པ་དང་ད་བར་སྡེ་ཁུལ་དུ་ལོ་20ལས་ཀ་བྱས་པ་རེད། དུད་སྦྲེལ་སྤྱི་མིའི་འགན་འཁྲི་ལག་བསྟར་ཡག་པོ་བྱ་ཆེད། སྤོ་བོ་ཆུང་བདག་ལགས་ཀྱིས་གོང་རིམ་གྱིས་སྤྲད་པའི་ལས་འགན་ལེགས་པར་བསྒྲུབས་ནས་ཟླ་རེར་དུད་ཚང་རེ་རེ་བཞིན་འཚམས་འདྲི་བྱས་ཏེ། སྒོ་རའི་ནང་གི་དུད་ཚང་59ཡི་ཁྲོད་རྒྱུན་སྡོད་དུད་ཚང་དང་ཁང་གླ་གཡར་མཁན་དུད་ཚང་སུ་ཡིན་མིན་གསལ་པོ་ཤེས་ཀྱི་ཡོད། དུད་ཚང་དབུལ་པོའི་ཁྱིམ་དུ་སྐྱོད་སྐབས་ཁོང་གིས་དམངས་འཚོའི་སྲིད་ཇུས་དྲིལ་བསྒྲགས་བྱེད་པ་དང་། ལས་ཀ་སྒུག་མཁན་ན་གཞོན་ཡོད་པའི་ཁྱིམ་དུ་སྐྱོད་སྐབས་ཁོང་གིས་སྡེ་ཁུལ་གྱི་བླང་བྱ་ལྟར་ལས་གནས་ཀྱི་ཆ་འཕྲིན་གསལ་པོ་བཤད་ནས་སློབ་ཆེན་སློབ་མའི་ལས་ཞུགས་འདུ་ཤེས་འགྱུར་ལྡོག་གཏོང་རོགས་བྱེད་ཀྱི་ཡོད། ཁང་གླ་གཡར་མཁན་དུད་ཚང་ལ་ཁོང་གིས་བདེ་འཇགས་དོ་དམ་གྱི་བླང་བྱ་འགྲེལ་བཤད་བརྒྱབ་པ་མ་ཟད། ཁོང་ཚོར་འཚོ་བའི་ཐད་ནུས་པས་གང་ལྕོགས་ཀྱིས་རོགས་རམ་བྱེད་ཀྱི་ཡོད་པ་རེད།
རྒྱུན་གཏན་གྱི་འཚམས་འདྲི་དང་སྤོ་བོ་ཆུང་བདག་ལགས་ཀྱི་ཁ་བཤད་ལག་བསྟར་གྱི་མིག་དཔེའི་འོག ཁོར་ཡུག་གནའ་ཉམས་དོད་ཅིང་སྐྱིད་སྣང་ལྡན་པའི་དགའ་ལྡན་ཁང་གསར་སྒོ་རའི་ནང་གྲོང་པ་ཁྱིམ་མཚེས་འཆམ་མཐུན་དང་མཐུན་སྒྲིལ་རོགས་རེས་བྱེད་པའི་སྲོལ་རྒྱུན་བཟང་པོ་ཞིག་ཆགས་ནས་སྒོ་རའི་ནང་མཛའ་མཐུན་གྱི་རྣམ་པས་ཁེངས་ཡོད།
རྩོམ་སྒྲིག་པ། སྣང་རྡོར།