ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

མཚོ་སྔོན་བོད་རིགས་ཞིབ་འཇུག་ཚོགས་པས་འཐུས་མིའི་ཚོགས་ཆེན་འཚོགས་པ།

སྤེལ་དུས 2020-06-30 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།

            སྤྱི་ཟླ6པའི་ཚེས20ཉིན། མཚོ་སྔོན་བོད་རིགས་ཞིབ་འཇུག་ཚོགས་པའི་སྐབས་དྲུག་པའི་ཚོགས་མིའི་འཐུས་མི་ཚོགས་ཆེན་གྱི་ཚོགས་འདུ་ཐེངས་དང་པོ་ཟི་ལིང་དུ་འཚོགས་པ་དང་། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་རིན་ཆེན་རྣམ་རྒྱལ་དང་།  ཞིང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་གཞོན་པ་ཉིང་ཧའེ་དབྱིང་།  ཞིང་ཆེན་མི་རིགས་བྱ་དོན་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཆོན་ཆི་ཀྲང་།  ཞིང་ཆེན་དམངས་སྲིད་ཐིང་གི་ཐིང་ཀྲང་གཞོན་པ་ཅང་ཡུའེ་ཁྲེང་སོགས་འགོ་ཁྲིད་དང་དེ་བཞིན་པུའུ་ཨུད་དང་ཐིང་བཅས་ཀྱི་གཙོ་འགན་སྡེ་ཁག་གི་འགན་འཁུར་བློ་མཐུན་དང་སྤུན་ཟླའི་མི་རིགས་ཞིབ་འཇུག་ཚོགས་པའི་འགན་འཁུར་བ། ཞིང་ཆེན་དེ་ཡོངས་ཀྱི་ལས་རིགས་ཁག་གི་རིགས་གཅིག་མཁས་པ་དང་། མཁས་དབང་། གསར་འགོད་པ་སོགས་མི60ལྷག་ཙམ་ད་རེས་ཀྱི་ཚོགས་འདུར་ཞུགས་ཡོད་པ་རེད།   
            ཚོགས་ཆེན་ཐོག་མཚོ་སྔོན་བོད་རིགས་ཞིབ་འཇུག་ཚོགས་པའི་སྐབས་ལྔ་པའི་ལས་དོན་གནས་ཚུལ་སྙན་ཞུར་གྲོས་ཞིབ་བྱས་པ་བརྒྱུད་གྲོས་འཆམ་བྱུང་བ་དང་། མཚོ་སྔོན་བོད་རིགས་ཞིབ་འཇུག་ཚོགས་པའི་སྐབས་ལྔ་པའི་ནོར་དོན་གཏོང་ཡོང་གི་ངེས་རྩིས་ལ་གྲོས་ཞིབ་བྱས་པ་བརྒྱུད་གྲོས་འཆམ་བྱུང་བ། མཚོ་སྔོན་བོད་རིགས་ཞིབ་འཇུག་ཚོགས་པའི་ ༼  སྒྲིག་ཡིག  ༽  འཆར་ཟིན་དང་། ཚོགས་དངུལ་གྱི་ཚད་གཞིའི་བཟོ་བཅོས་གསལ་བཤད་ལ་གྲོས་ཞིབ་བྱས་པ་བརྒྱུད་གྲོས་འཆམ་བྱུང་བ།  མཚོ་སྔོན་བོད་རིགས་ཞིབ་འཇུག་ཚོགས་པའི་སྐབས་དྲུག་པའི་ལས་འཛིན་ལྷན་ཚོགས་དང་སྐབས་དྲུག་པའི་འགོ་ཁྲིད་ཚན་པ་བདམས་ཐོན་བྱུང་བ་རེད།

            རྒྱུས་ལོན་བྱུང་བ་ལྟར་ན། མཚོ་སྔོན་བོད་རིགས་ཞིབ་འཇུག་ཚོགས་པས་ཞིང་ཨུད་ཀྱི་འཐབ་ཕྱོགས་གཅིག་གྱུར་པུའུ་དང་། ཞིང་ཆེན་མི་རིགས་བྱ་དོན་ཨུ་ཡོན་ལྷན་ཁང་གི་འགོ་ཁྲིད་དང་ཞིང་ཆེན་དམངས་ཁྲོད་རྩ་འཛུགས་དོ་དམ་ཅུད་ཀྱི་ལས་སྒོའི་མཛུབ་སྟོན་འོག་ལས་འཛིན་པ་དང་ཚོགས་མི་ཡོངས་ཀྱིས་མཉམ་དུ་འབད་བརྩོན་བྱས་པ་བརྒྱུད། ཚོགས་པའི་  ༼   སྒྲིག་ཡིག  ༽  དང་དམིགས་ཡུལ་ལྟར། ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གི་མཚོ་སྔོན་འཕེལ་རྒྱས་འགྲོ་བའི་འཐབ་ཇུས་ཀྱི་གནས་བབ་ཧྲིལ་པོར་དམ་པོར་གཞིགས་ཏེ། འདུ་ཤེས་བཞི་བརྟན་པོ་བཙུགས་པ་དང་། སྲུང་སྐྱོང་གཉིས་ལག་ལེན་བསྟར་བ། དམིགས་བསལ་གཅིག་དང་མཐོ་བ་གཉིས་ཀྱི་འཕེལ་རྒྱས་དམིགས་འབེན་ལ་གཞིགས་ནས་ཐབས་དང་ཇུས་ཧུར་ཐག་བཏོན་ཞིང་། འབྲེལ་ཟམ་གྱི་ནུས་པ་འདོན་སྤེལ་གང་ལེགས་ཐོན་པ་བྱས་ཡོད། དུས་རབས་གསར་པ་དང་འགོ་འཛུགས་ས་གསར་པའི་ཐོག་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་དང་། སྤྱི་ཚོགས་ཞི་མཐུན་ལ་སྐུལ་འདེད། འབྱུང་ཁམས་ཁོར་ཡུག་ལ་སྲུང་སྐྱོང་། མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་སྤེལ་སོགས་ཀྱི་ཐད་བསམ་པ་རྣམ་དག་ངང་ཞབས་འདེགས་ཞུ་བ་དང་། ནུས་ཤུགས་ཡོད་རྒུ་བཏོན་པས་ལས་དོན་ཁག་ལ་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད།

            ཚོགས་འདུའི་ཐོག  ཞིང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའུ་དང་། ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་།  ཞིང་ཆེན་དམངས་སྲིད་ཐིང་བཅས་ཀྱི་འགོ་ཁྲིད་ནས་སྔ་རྗེས་སུ་སྤྲོ་སེམས་རབ་ཏུ་འཁོལ་བའི་གསུང་བཤད་གནང་བ་རེད། ཁོང་རྣམ་པས་ལོ་ངོ་ཉི་ཤུ་ལྷག་རིང་གི་བོད་རིགས་ཞིབ་འཇུག་ཚོགས་པའི་ལས་དོན་ལ་ཁས་ལེན་གང་ལེགས་གནང་བ་མ་ཟད། སྐབས་བརྗེའི་ལས་དོན་ལ་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུས་ཡོད། ཁོང་རྣམ་པས། མཚོ་སྔོན་བོད་རིགས་ཞིབ་འཇུག་ཚོགས་པ་འདི་ནི་ཞིང་ཆེན་དེའི་མངའ་ཁོངས་ཀྱི་ཞིང་ཆེན་རིམ་པའི་སྤྱི་ཚོགས་རྩ་འཛུགས་ཤིག་ཡིན་པའི་ཆ་ནས། དུས་ཡུན་རིང་པོའི་ནང་གཙོ་འགན་སྡེ་ཁག་གི་ཡང་དག་པའི་འགོ་ཁྲིད་དང་།  སྐབས་རིམ་བྱུང་གི་ཚོགས་གཙོ་པད་མ་དང་། སྙིང་མོ་རྒྱལ།  སྐལ་བཟང་རྡོ་རྗེ། སྟག་འབུམ་ཐར་སོགས་ཀྱི་མཐུན་སྒྲིལ་སྣེ་ཁྲིད་འོག   ཚོགས་མི་ཡོངས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལ་བརྩི་བཀུར་མཐའ་གཅིག་ཏུ་ཞུས་པ་དང་། ཏང་གི་མི་རིགས་ཆོས་ལུགས་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ། མཚོ་སྔོན་ཞིང་ཆེན་གྱི་མི་རིགས་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་དྲིལ་བསྒྲགས་བྱེད་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། དུས་རབས་གསར་པ་དང་བླང་བྱ་གསར་པར་ཁ་ཕྱོགས་ནས། སྐབས་གསར་པའི་ཚོགས་མིས་མུ་མཐུད་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་དང་། ཡང་དག་པའི་ཆབ་སྲིད་ཀྱི་སྟོན་ཕྱོགས་མཐའ་འཁྱོངས་བྱ་རྒྱུ་ཨང་དང་པོར་བཞག་སྟེ། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་མ་ལག་གི་འདུ་ཤེས་བརྟན་པོ་འཛུགས་རྒྱུས་གཙོ་བོ་བྱེད་པ་དང་། ཞིབ་འཇུག་ཚོགས་པའི་  ༼   སྒྲིག་ཡིག  ༽  དང་དམིགས་ཡུལ་གཞིར་བཟུང་། བྱེད་སྒོ་ཁག་ཁྲིམས་ལྟར་སྤེལ་བ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དར་སྤེལ་ཤུགས་ཆེན་གཏོང་བ། ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན་བྱེད་པ།  མི་རིགས་ཁག་གི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་བ་བཅས་བྱས་ཏེ། འབྱོར་ཕྱུག་དང་། ཤེས་དཔལ། ཞི་མཐུན། མཛེས་སྡུག་ལྡན་པ་བཅས་ཀྱི་མཚོ་སྔོན་གསར་པ་བསྐྲུན་ཆེད་ལེགས་སྐྱེས་གསར་ པ་འབུལ་དགོས་ཞེས་གསུངས་པ་རེད།
རྩོམ་སྒྲིག་པ། སྣང་རྡོར།