ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། རླངས་འཁོར་བོད་རང་སྐྱོང་ལྗོངས་མངའ་རིས་ས་ཁུལ་རུ་ཐོག་རྫོང་མཁར་ནས་ལམ་ལ་ཆས་ཏེ་རྒྱལ་ལམ་219བརྒྱུད་ནས་མུ་མཐུད་དུ་སྤྱི་ལེ་12ཙམ་བསྐྱོད་པ་ན། རི་བོ་ཚར་དུ་དངར་བའི་དབུས་ན་མཐིང་མདོག་གི་མཚོ་མོ་ཞིག་སྔོ་ལྡེམ་མེར་འཁྱིལ་བ་མཐོང་ཡོང་ཞིང་། འདི་ནི་མཚོ་མོ་ངང་ལྷ་རིང་མོ་རེད།
མཚོ་མོ་ངང་ལྷ་རིང་མོ་ནི་དཔེ་མཚོན་ཅན་གྱི་ཆུ་ལམ་རྣམ་པའི་མཚེའུ་ཞིག་ཡིན་ལ་ཤར་ཚྭ་མེད་དང་ནུབ་ཚྭ་ལྡན་ཅན་གྱི་མཚོ་མོ་ཞིག་ཀྱང་ཡིན། དེ་གར་འཛམ་གླིང་ཐོག་ས་བབ་མཐོ་ཤོས་ཀྱི་བྱ་གླིང་ཡོད་པར་ཁྲུང་ཁྲུང་སྐེ་ནག་དང་གཙོད། ཆུ་སྐྱར་མགོ་ནག ས་མཐོའི་ཉ་ལྟོ་ཁྲ་སོགས་རྒྱལ་ཁབ་རིམ་པའི་སྲུང་སྐྱོང་སྲོག་ཆགས་རིགས་བཅུ་ལྷག་འཚོ་སྡོད་བྱེད་ཀྱིན་ཡོད། མཚོ་དང་ནམ་མཁའི་ཁ་དོག་ཡུག་གཅིག་ཏུ་འབྲེལ་བའི་མཚོ་འགྲམ་དག་ནི་སྔོ་རྩྭ་དང་མཚོ་ངོས་སུ་ཅི་དགར་རྩེན་པའི་ཆུ་སྐྱར་མགོ་ནག་གིས་ཕྲ་བཏབ་པ་ལྟར་མཛེས་པར་བརྒྱན་ནས། ཆུ་ཁོངས་འདི་ལ་ཐུན་མོང་མ་ཡིན་པའི་མཛེས་ལྗོངས་ཤིག་བསྣན་ཡོད།
མཚོ་མོ་ངང་ལྷ་རིང་མོའི་ཡུལ་ལྗོངས།
ཆུ་སྐྱར་མགོ་ནག་མཚོ་མོ་ངང་ལྷ་རིང་མོའི་སྟེང་ན་ཅི་དགར་རྩེན་པ།
ཆུ་སྐྱར་མགོ་ནག་མཚོ་མོ་ངང་ལྷ་རིང་མོའི་ངོས་སུ་རྐྱལ་བཞིན་པ།
ཆུ་སྐྱར་མགོ་ནག་མཚོ་མོ་ངང་ལྷ་རིང་མོའི་ངོགས་ན་འཕུར་བཞིན་པ།
མཚོ་འདིའི་དྭངས་ཤིང་གཙང་བའི་ཆུ་བོ་དང་མཛེས་སྡུག་ལྡན་པའི་ཆུ་ངོགས་ལ་སྲུང་སྐྱོབ་བྱ་ཆེད། 2002ལོར་བོད་ལྗོངས་མཚོ་མོ་ངང་ལྷ་རིང་མོའི་རང་སྐྱོང་ལྗོངས་རིམ་པའི་འདམ་རའི་རང་བྱུང་སྲུང་སྐྱོང་ཁུལ་འཛུགས་རྒྱུའི་ཆོག་མཆན་ཐོབ་པ་དང་། 2004ལོར་མཚོ་མོ་ངང་ལྷ་རིང་མོའི་རྒྱལ་ཁབ་ནགས་ཚལ་སྤྱི་གླིང་འཛུགས་རྒྱུའི་ཆོག་མཆན་བཀོད། 2007ལོར་འདི་གར་རང་བྱུང་སྲུང་སྐྱོང་ཁུལ་གྱི་དོ་དམ་སྒྲིག་གཞི་བཙུགས་པ་རེད།
མཚོ་མོ་ངང་ལྷ་རིང་མོའི་འདམ་རའི་རང་བྱུང་སྲུང་སྐྱོང་ཁུལ་དུ་ཕུ་དགུ་ལ་ལུང་དོ་དམ་ས་ཚིགས་སོགས་སྲུང་སྐྱོང་དོ་དམ་ས་ཚིགས་6བཙུགས་ཤིང་། རི་སྐྱེས་སྲོག་ཆགས་སྲུང་མཁན་(འདམ་ར་སྲུང་མཁན)བསོད་ནམས་ཟླ་བས་ས་གནས་དེ་གའི་ཞིང་འབྲོག་མང་ཚོགས་39དང་མཉམ་དུ་མཚོ་མོ་ངང་ལྷ་རིང་མོའི་འདམ་རའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་ལྟ་ཞིབ་ཚད་ལེན་ཁྱབ་ཁོངས་སུ་རྒྱུན་གཏན་རང་བཞིན་གྱི་སྐོར་སྲུང་བྱས་ནས་ཁྲིམས་འགལ་ངང་ཉ་འཛིན་པ་དང་བྱ་སྒོང་རྐུ་འཁྱེར་བྱེད་རིགས་དུས་ཐོག་ཏུ་བཀག་འགོག་བྱེད་བཞིན་ཡོད།
མཚོ་ངོས་སུ་ཆ་སྙོམས་མཚོ་འཕགས་སྨི་4240ཡོད་པ་དང་། སྤྱིའི་རྒྱ་ཁྱོན་སྤྱི་ཆིང་56303.22ཟིན་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་སྐོར་སྲུང་བྱ་རྒྱུ་དེ་ལས་སླ་པོ་ཞིག་མིན། “གཞི་ཁྱོན་ཆེ་བའི་སྐོར་སྲུང་བྱེད་པར་རླངས་འཁོར་གཏང་ནའང་ཉིན་ཧྲིལ་པོ་གཅིག་གི་དུས་ཡུན་དགོས་ཀྱིན་ཡོད།”
སྐབས་རེ་མགོ་སྒུར་ནས་མཚོ་འགྲམ་ནས་གད་སྙིགས་འཐུ་བའམ་ཡང་ན་བྱ་གླིང་ཐོག་ནས་བྱེའུ་ཕྲུག་ལ་སྲུང་སྐྱོབ་བྱེད་པ། ཡང་ན་མཚོ་ཡང་སར་སླེབས་ནས་སྒོ་ང་གཏོང་བའི་ཉ་མོར་སྲུང་སྐྱོབ་བྱེད་པ། ཡང་ན་མཚོ་འགྲམ་དུ་འདེབས་འཛུགས་བྱས་པའི་ཤིང་སྡོང་ལ་སྲུང་སྐྱོང་བྱེད་པ་སོགས་ལོ་12རིང་གི་ལོ་ཟླའི་ཉི་རླུང་གི་ཁྲོད་ནས་བསོད་ནམས་ཟླ་བའི་ངོ་གདོང་འཚིགས་ནས་ནག་པོར་གྱུར་འདུག
“སྔོན་ཆད་མཚོ་འགྲམ་ན་བཟོ་བཀོད་ཅི་ཡང་མེད་པས་འདབ་ཆགས་རྣམས་མི་དང་ཐག་ཉེ་བོ་ཡོད། མཚོ་མོ་ངང་ལྷ་རིང་མོའི་སྙན་གྲགས་ཆེ་རུ་ཕྱིན་པ་དང་བསྟུན་ནས་ཡུལ་སྐོར་བ་ཇེ་མང་དུ་ཕྱིན་ཏེ། ད་ལྟ་བྱ་རྣམས་ཀྱིས་མི་མཐོང་མ་ཐག་བྲོས་ནས་འགྲོ། ལོ་འདི་དག་ལ་སྐོར་སྲུང་བྱས་པ་བརྒྱུད་བྱ་རིགས་རྣམས་སླར་ཡང་ཞི་འཇགས་ཀྱི་འཚོ་བ་རོལ་ཐུབ་པ་བྱུང་ཡོད།” ཅེས་བསོད་ནམས་ཟླ་བས་ད་ཆ་མི་དང་རང་བྱུང་མཉམ་གནས་བྱ་བར་སྔར་བས་ཀྱང་ཞི་མཐུན་དུ་གྱུར་ཡོད་ཟེར།
མཚོ་མོ་ངང་ལྷ་རིང་མོའི་འདམ་རའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་རི་སྐྱེས་སྲོག་ཆགས་སྲུང་མཁན་ (འདམ་ར་སྲུང་མཁན)བསོད་ནམས་ཟླ་བས་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་བཞིན་པ།
ཁྲུང་ཁྲུང་སྐེ་ནག་མཚོ་མོ་ངང་ལྷ་རིང་མོའི་འགྲམ་ན་བག་ཕེབས་ངང་རྒྱུ་བཞིན་པ།
མཚོ་མོ་ངང་ལྷ་རིང་མོའི་ཡུལ་ལྗོངས།
རྒྱུན་གཏན་གྱི་སྐོར་གཡེང་དོ་དམ་སྲུང་སྐྱོང་དང་སྣོད་བཅུད་སྲུང་སྐྱོང་ཉམས་གསོའི་ལས་གྲྭ་ལག་བསྟར་སོགས་ཀྱི་བྱ་ཐབས་རབ་དང་རིམ་པ་སྤྱད་པས། མཚོ་མོ་ངང་ལྷ་རིང་མོ་དང་དེའི་མཐའ་འཁོར་གྱི་ཆུའི་སྤུས་ཚད་དང་མཁའ་རླུང་། ས་རྒྱུ། སྔོ་ཁེབས་སོགས་མངོན་གསལ་དོད་པོས་ཇེ་ལེགས་སུ་ཕྱིན་ཡོད་པ་རེད། 2019ལོའི་བོད་རང་སྐྱོང་ལྗོངས་ཀྱི་ཁོར་ཡུག་སྤྱི་
བསྒྲགས་ལས་གསལ་བ་ལྟར། 《ས་ངོས་ཆུའི་ཁོར་ཡུག་སྤུས་ཀའི་ཚད་གཞི།》(GB3838-2002)དང་《ས་ངོས་ཆུའི་ཁོར་ཡུག་སྤུས་ཚད་གདེང་འཇོག་བྱ་ཐབས།》(ཚོད་ལྟའི་ལག་བསྟར)གཞིར་བཟུང་ནས་མཚོ་མོ་ངང་ལྷ་རིང་མོའི་ཆུའི་སྤུས་ཚད་འཇལ་ན་སྤྱིའི་ཆ་ནས་IIརིགས་ཀྱི་ཚད་གཞིར་སླེབས་ཡོད།
སྣོད་བཅུད་ཁོར་ཡུག་མུ་མཐུད་ནས་ཇེ་ལེགས་སུ་ཕྱིན་པ་དང་མཉམ་དུ་མཚོ་མོ་ངང་ལྷ་རིང་མོའི་དཔལ་འབྱོར་ཕན་འབྲས་དང་ཡུལ་སྐོར་རིན་ཐང་སོགས་སྔར་བས་མཐོ་རུ་ཕྱིན་ཡོད། 2011ལོ་ནས་བཟུང་ས་གནས་དེ་གས་ཁྱོན་བསྡོམས་མ་དངུལ་སྒོར་ཁྲི་1220ལྷག་ཙམ་བཏང་ནས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་འཐུས་ཚང་དུ་བཏང་ཞིང་། 2020ལོའི་ཟླ་6པའི་བར་རུ་ཐོག་རྫོང་དུ་ཡུལ་སྐོར་བ་མི་ཐེངས་69567ཟིན་པ་དང་ཡུལ་སྐོར་ཡོང་འབབ་སྒོར་ཁྲི་9739ཟིན་པ། ཡུལ་སྐོར་ལས་རིགས་ཀྱི་ལས་ཞུགས་མི་ཐེངས་652ཟིན་པ་བཅས་ཀྱི་ནང་མཚོ་མོ་ངང་ལྷ་རིང་མོའི་མཛེས་ལྗོངས་ཁུལ་དུ་ས་གནས་དེ་གའི་ཁྱིམ་ཚང་གི་བུ་ཕྲུག་18དང་ཁྱིམ་ཚང་དབུལ་པོའི་བུ་ཕྲུག་11ལས་ཞུགས་ཐུབ་ནས་མང་ཚོགས་ལ་འབབ་འཕར་སྒོར་ཁྲི་19.2བྱུང་ཡོད།
ཨ་སྔོན་དབྱིངས་ན་སྤྲིན་དཀར་ཚོམ་བུ་རླུང་གི་རྒྱུ་བ་དང་བསྟུན་ནས་དལ་གྱིས་ལྡང་ཞིང་། ཤིང་མཚོ་མོ་ངང་ལྷ་རིང་མོའི་རླབས་ཕྲན་ཡང་དེ་དང་མཉམ་དུ་ཡང་ཡང་གཡོ་བཞིན་མཆིས། མཚོ་མོའི་འགྲམ་གྱི་རྐྱང་དང་ཁྲུང་ཁྲུང་སྐེ་ནག་རྣམས་ནི་བག་ཕེབས་ངང་འཆམ་འཆམ་བྱེད་ཅིང་། མཚོ་མོའི་འགྲམ་གྱི་ཆུ་སྐྱར་མགོ་ནག་རྣམས་ནི་ལ་ལ་གནམ་དུ་འཕུར་ཞིང་ལ་ལ་ཆུ་ལ་རྐྱལ། དྭངས་གསལ་མཚོ་མོའི་ནང་ན་ཉ་མོའི་ཚོགས་ཀྱིས་ནི་རྐྱལ་རྩལ་ངོམ་བཞིན་འདུག “འཛམ་གླིང་གི་ཡང་རྩེ་ཡི་ཡང་རྩེ”འདི་རུ་མི་རྣམས་ཀྱིས་“རི་སྔོན་སྟོང་ཟད་དུ་མི་གཏོང་བར”མ་ཟད། ཁོ་ཚོར་“གསེར་རི་དངུལ་རི”ཡང་ཐོབ་ནས་འདུག་གོ །