བསྟན་འཛིན་དབྱིག་གཉེན།
བསྟན་འཛིན་དབྱིག་གཉེན། དཀར་མཛེས་ཀྱི་རོང་པ་ཚ་ནས་འཚར་ལོངས་བྱུང་བའི་བུ་ཕྲུག་ཅིག སྙིང་ཁོངས་རུས་པའི་གཏིང་ནས་ཡིག་གཟུགས་སྒྱུ་རྩལ་ལ་དགའ་ཞེན་འཆང་བའི་མདུན་སྐྱོད་པ་ཞིག དེ་རིང་གི་ལེ་ཚན་ནང་ང་ཚོ་ཁོང་དང་ལྷན་དུ་ཁོང་ཉིད་ཀྱིས་འདས་མ་ད་གསུམ་ལ་འབད་དང་འབད་མུས་ཡིན་པའི་ཕྱག་ལས་དང་དགའ་ཞེན་དེར་ཆ་རྒྱུས་ཞིག་ལེན་པར་འགྲོ།
ཁོང་ཉིད་ནི་ཕ་ཡུལ་གྱི་ཕྲུ་གུ་མང་པོ་ཞིག་དང་འདྲ་བར། ལོ་ངོ་བདུན་ནས་སློབ་གྲྭར་ཞུགས་པ་དང་། ཞོགས་དགུ་དགོང་དྲུག་གི་བར་དུ། སློབ་གྲོགས་ཚོ་དང་ལྷན་དུ་ཤེས་རིག་བང་མཛོད་ཀྱི་སྒོ་མོ་རྡུང་མྱོང་ཡོད་ལ། དགེ་རྒན་གྱི་སྒོ་རའི་ནང་བཏབ་ཡོད་པའི་མེ་ཏོག་ལ་ཡང་ཚོགས་ངན་གང་མང་བསགས་མྱོང་། ཡིན་ནའང་། རང་ཉིད་ཀྱི་ལས་དང་ཕ་མའི་དྲིན་གྱིས་ཁོང་ཉིད་ད་ལྟར་སྔོན་རང་ཉིད་གསོ་སྐྱོང་བྱེད་སའི་ཕ་སར་ལོག་ནས། ས་གནས་དེ་གའི་མཁའ་དབུགས་དྭངས་མ་རྔུབ་བཞིན་དྲོ་སྐྱིད་ཉི་འོད་འོག་ཏུ་འདུར་རྒྱུག་བྱེད་བཞིན་ཡོད་པའི་ཕྲུ་གུ་དག་ལ་ཡིག་གཟུགས་ཀྱི་མཛེས་པ་དང་། ཤེས་བྱའི་ཞིམ་མངར། དེ་བཞིན་འཇིག་རྟེན་གྱི་ངོ་མཚར་སོགས་སྟོན་བཞིན་ཡོད།
ལྷན་སྐྱེས་ཀྱི་ཤེས་རབ་དང་རང་ཉིད་ཀྱི་འབད་འབུངས་ཤིག་ལ་བརྟེན་ནས། ཁོང་དང་རྒན་བསོད་ནམས་དབང་རྒྱལ། བྱམས་པ་རྡོ་རྗེ་གསུམ་ནས་མཉམ་ལས་ངང་བྲིས་པའི་བོད་ཀྱི་ཡིག་གཟུགས་སྣ་བརྒྱའི་ཞལ་ཐང་ལ་འཛམ་བུ་གླིང་གིས་དོ་སྣང་བྱས་ཡོད་པ་དང་། ཅི་ཉི་སིའི་འཛམ་གླིང་ཟིན་ཐོར་བཀོད་ཡོད་པ་རེད།
དེ་བས། དེ་རིང་གི་ལེ་ཚན་ནང་ང་ཚོས་ཁོང་གིས་ཡིག་གཟུགས་ལ་བཅངས་པའི་བརྩེ་བ་དང་ཡིག་གཟུགས་ཀྱིས་ཁོང་ལ་གནང་བའི་སྤྲོ་བ། དེ་བཞིན་སློབ་ཆུང་དགེ་རྒན་ཞིག་གི་ཆེས་ཕུལ་དུ་བྱུང་བའི་བྱང་ཚད་དམ། འགན་སེམས་དང་བརྩེ་བའི་སྐོར་ལ་ཁ་བརྡ་བྱས་ཡོད་པས། རྣམ་པ་ལྷན་རྒྱས་ནས་གསན་པར་དགའ་བསུ་ཞུ་བཞིན། བརྗོད་ཀྱིས་མི་ལང་བའི་ཡི་རངས་དང་སྙིང་དབུས་ནས་བཅངས་པའི་དད་གུས་ཤིག་གིས་སློབ་སྦྱོང་དང་འོས་འགན། དེ་བཞིན་དེང་རབས་ན་གཞོན་གྱི་ཕུགས་འདུན་དང་སྙིང་སྟོབས་བཅས་ལ་འགྲེལ་བརྗོད་གང་ལེགས་གནང་བའི་གཏམ་རྒྱུད་འདི་བསྟན་འཛིན་དབྱིག་གཉེན་ལགས་ཁོང་དང་གཅེས་གྲོགས་ཡོངས་ལ་ཕུལ་བ་ཡིན།
གཞན་ཡང་། གལ་སྲིད་སྐུ་ཉིད་ལ་ཐུན་མིན་གྱི་གཏམ་རྒྱུད་དང་། ཐུན་མོང་གི་བརྩེ་བ་ཡོད་ན་ཐད་ཀར་འཕྲིན་སྟེགས་འདི་བརྒྱུད་ནས་ང་ཚོ་དང་འབྲེལ་བ་གནང་ཆོག ང་ཚོས་འདི་ནས་ཁྱེད་ཉིད་རེ་ཞིང་སྒུག་ཡོད།