ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

མོང་གོལ་རྒྱལ་ཁབ་ཀྱིས་ཞལ་འདེབས་བྱས་པའི་ལུག་ཐོན་བྱུང་།

སྤེལ་དུས 2020-08-13 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པད་མ་རྒྱལ་གྱིས་བསྒྱུར།
            ཟླ་8པའི་ཚེས་10ཉིན། མོང་གོལ་རྒྱལ་ཁབ་ཀྱིས་ཀྲུང་གོར་ལུག་30000ཞལ་འདེབས་བྱས་པའི་ལས་དོན་ཚོགས་ཆུང་གིས་ཚོགས་འདུ་ཐེངས་དང་པོ་འཚོགས་ཤིང་། ཚོགས་འདུའི་ཐོག་ཏུ་གཙོ་བོ་ལུག་ཉོ་སྒྲུབ་དང་། སྐྱེལ་འདྲེན། ཟུར་འཇོག  ཞིབ་བཤེར་དང་ནད་ཡམས་ཀྱི་བརྟག་དཔྱད། རྩིས་སྤྲོད་སོགས་རིམ་པ་སོ་སོའི་ཞིབ་ཕྲའི་གནད་དོན་གྲོས་བསྡུར་བྱས་པ་དང་། འདིས་སོག་པོ་རྒྱལ་ཁབ་ཀྱིས་ཀྲུང་གོར་ལུག་30000ཞལ་འདེབས་བྱས་པའི་བརྒྱུད་རིམ་དངོས་སུ་སྤེལ་བ་མཚོན།  
            མོང་གོལ་རྒྱལ་ཁབ་ཀྱི་སྲིད་གཞུང་གིས་ཞལ་འདེབས་བྱས་པའི་ལུག་གཅིག་གྱུར་གྱིས་ཉོ་སྒྲུབ་བྱ་རྩིས་ཡོད།
            མོང་གོལ་རྒྱལ་ཁབ་ཀྱི་ལུག་ཞལ་འདེབས་ཕུལ་བའི་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་ནི་བཟའ་བཅའ་དང་། ཞིང་འབྲོག་ལས་དང་ཡང་བའི་བཟོ་ལས་པུའུ་ཡི་པུའུ་ཀྲང་མོན་ཏེ་སའེ་ཧན་གྱིས་འགན་ཁུར་ཞིང་། དེའི་ཁོངས་མིའི་གྲས་སུ་ཙུང་ཐུང་གཞུང་དོན་ཐིང་དང་། ཕྱི་འབྲེལ་པུའུ། བརྟག་བཤེར་དང་ནད་ཡམས་བརྟག་དཔྱད། འགག་སྒོ་དང་དེ་བཞིན་བྱེ་ཐང་ཤར་མ་དང་། བྱེ་ཐང་དཀྱིལ་མ།  ཁེན་ཐེ། སུའུ་ཧོ་པ་ཐེར་སོགས་ས་གནས་ཀྱི་ཞིང་ཆེན་གྱི་འཐུས་མིའང་འདུས་ཡོད། ཙུང་ལི་གཞོན་པ་སོ་ཏི་པ་ཐེ་ཨར་གྱིས་ཉིན་འགའི་སྔོན་ལ་བསྟན་དོན། ཀྲུང་གོར་ཞལ་འདེབས་བྱས་པའི་ལུག་30000ནི་སོག་པོ་རྒྱལ་ཁབ་ཀྱི་སྲིད་གཞུང་གིས་གཅིག་གྱུར་ངང་འབྲོག་ས་ནས་ཉོ་སྒྲུབ་བྱ་རྩིས་ཡོད་པ་དང་། ཞལ་འདེབས་སུ་ཕུལ་བའི་ལུག་རྣམས་རིམས་འགོག་གི་བླང་བྱ་དང་མཐུན་པར་མ་ཟད། ད་དུང་ལུག་རེ་རེ་བཞིན་ཤ་ཤེད་རྒྱས་ཡོད་པར་ཁག་ཐེག་བྱེད་དགོས་ཞེས་བསྟན།

འདི་ནི་མོང་གོལ་རྒྱལ་ཁབ་ཀྱི་དབྱར་ཁའི་རྩྭ་ཐང་སྟེང་གི་ལུག་ཁྱུ་རེད།
            ས་གནས་དེ་གའི་སྨྱན་སྦྱོར་གྱིས་སྤེལ་བའི་གནས་ཚུལ་ལྟར་ན། མོང་གོལ་རྒྱལ་ཁབ་ཀྱི་སྲིད་གཞུང་གིས་བྱེ་ཐང་ཤར་མའི་ཞིང་ཆེན་དང་ཐག་ཅུང་ཉེ་བའི་བྱེ་ཐང་དཀྱིལ་མ་དང་། ཁེན་ཐེ་སོགས་ཀྱི་ཞིང་ཆེན་གྱི་འབྲོག་ས་ནས་ལུག་ཉོ་རྩིས་ཡོད་ཅིང་། ཁག་དང་པོའི་ལུག་15000ནི་ཟླ་9པར་ཀྲུང་གོའི་ཕྱོགས་ལ་རྩིས་སྤྲོད་བྱ་རྒྱུའི་འཆར་གཞི་ཡོད་པ་དང་། ཐེངས་འདིའི་ལུག་རྣམས་བྱེ་ཐང་ཤར་མའི་ཞིང་ཆེན་གྱི་ཀྲ་མོན་ཝུའུ་ཏེ་འགག་སྒོར་དབོར་རྒྱུ་དང་། དེར་ཉིན30ཡི་རིང་དུ་ལོགས་སུ་བཀར་རྗེས་ལྗིད་ཐེག་རླངས་འཁོར་སྤྱད་ནས་ཀྲུང་གོའི་ཨར་ལེན་ཧའོ་ཐེ་རུ་དབོར་འདྲེན་བྱ་རྒྱུ་རེད། 
           “ལུག་ཁྲི་3”ནི་ཀྲུང་སོག་མཛའ་མཐུན་གྱི་གཏམ་བཟང་དུ་གྱུར།
            ད་ལོའི་ཟླ་2པར། སོག་པོ་རྒྱལ་ཁབ་ཀྱི་ཙུང་ཐུང་པ་ཐེ་ཐུའུ་ལེ་ཀ་ཡིས་ཀྲུང་གོར་ལུག་30000ཞལ་འདེབས་བྱ་རྒྱུ་ཡིན་པ་ཁྱབ་བསྒྲགས་བྱེད་པའི་སྐབས་སུ། འབྲོག་པ་ཚོས་ཙུང་ཐུང་གིས་ལུག་ཞལ་འདེབས་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱས་ཏེ། ཀྲུང་གོས་རིམས་ནད་འགོག་བཅོས་བྱེད་པར་རོགས་རམ་བྱས། ཝུའུ་པུའུ་སུའུ་ཞིང་ཆེན་སྲིད་གཞུང་གིས་ཙུང་ཐུང་ལ་འཕྲིན་ཡིག་སྤྲིངས་ནས་ཞིང་ཆེན་དེས་ལུག་1000ཞལ་འདེབས་བྱ་རྒྱུའི་བསམ་པ་བསྟན་པ་དང་། ཞིང་ཆེན་གཞན་དག་གིས་ཀྱང་གཅིག་རྗེས་གཉིས་མཐུད་ངང་རྗེས་སྙེག་བྱེད་འདོད་ཡོད་ཅེས་བཤད། མོང་གོལ་གྱི་སྲིད་གཞུང་གི་གཏན་འབེབས་གསར་ཤོས་ཀྱིས་འབྲོག་པ་རྣམས་ལ་ལུག་ཞལ་འདེབས་བྱེད་མི་དགོས་པར་ཐག་བཅད་མོད། འོན་ཀྱང་ད་ལོའི་ཟླ་2པའི་ཟླ་མཇུག་ནས་བཟུང་ལུག་ཞལ་འདེབས་བྱེད་པའི་བྱེད་ཐབས་འདིས་ཀྲུང་གོའི་མི་དམངས་ལ་སེམས་འགུལ་ཆེན་པོ་ཐེབས་སུ་བཅུག  

ཟླ་7པའི་ཚེས་23ཉིན། མོང་གོལ་རྒྱལ་ཁབ་ཏུ་བཅའ་སྡོད་བྱས་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་བ་ཁྲའེ་ཝུན་རུའེ་ཡིས་མོང་གོལ་རྒྱལ་ཁབ་ཀྱི་གསར་དུ་བསྐོ་གཞག་བྱས་པའི་བཟའ་བཅའི་ཞིང་འབྲོག་ལས་དང་ཡང་བའི་བཟོ་ལས་ཀྱི་པུའུ་ཀྲང་མོན་ཏེ་སའེ་ཧན(གཡོན)དང་མཇལ་འཕྲད་གནང་སྟེ། 
ལུག་30000ཞལ་འདེབས་རྩིས་སྤྲོད་དང་རྩིས་ལེན་གྱི་ལས་དོན་ལ་གྲོས་མོལ་བྱེད་པའི་རྣམ་པ་རེད།
            མོང་གོལ་རྒྱལ་ཁབ་ཀྱི་གྲོགས་པོ་ཞིག་གིས་གྲོགས་ཚོམས་སུ“ཉིན་གཉིས་ཀྱི་ནང་དུ་ལུག་ཁྲི་2ལྷག་ཙམ་ཞལ་འདེབས་སུ་ཕུལ་བ་དང་།  སྔོན་དཔག་བྱས་ན་མི་འགྱངས་པར་ལུག་ཁྲི་3གྱི་དམིགས་ཚད་མངོན་འགྱུར་ཐུབ་རྒྱུ་རེད།  འདི་ནི་མཐུན་སྒྲིལ་གྱི་སྟོབས་ཤུགས་ཡིན་ཞིང་།  ཀྲུང་གོ་དང་མོང་གོལ་གྱི་མཛའ་བཤེས་ཁྲི་ལོར་བརྟན་པར་ཤོག”ཅེས་བཤད་ཡོད། མོང་གོལ་རྒྱལ་ཁབ་ཀྱི་དྲ་གྲོགས་མང་པོས་ཀྲུང་གོར་དཀའ་ངལ་འཕྲད་སྐབས་རོགས་རམ་བྱེད་དགོས་ཞེས་བསྟན་ཡོད། མོང་གོལ་རྒྱལ་ཁབ་ཀྱི་གཞུང་ཕྱོགས་དང་དམངས་ཁྲོད་ཀྱིས་ཀྲུང་གོར་དཀའ་ངལ་འཕྲད་པའི་སྐབས་སུ་རྣམ་འགྱུར་ཡག་པོ་བསྟན་པ་དེས་ཀྲུང་གོ་དང་མོང་གོལ་རྒྱལ་ཁབ་གཉིས་ཀྱི་ལ་མཛའ་བརྩེ་ཟབ་མོ་ཡོད་པ་བདེན་དཔང་བྱས་སོ། ། 
རྩོམ་སྒྲིག་པ། གཡང་རྒྱལ་ཚེ་རིང་།