ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

བློ་མཐུན་ཧུའུ་ཁྲུན་ཧྭ་ཡི་དགོངས་དོན་དོན་འཁྱོལ་འདི་ལྟར་བྱེད་དགོས།

སྤེལ་དུས 2020-08-18 ཡོང་ཁུངས། བོད་ལྗོངས་ཉིན་ཚགས། རྩོམ་པ་པོ།
            ཉེ་ཆར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧུའུ་ཁྲུན་ཧྭ་མངའ་རིས་ས་ཁུལ་གྱི་ཤར་རྒྱུད་དང་ནག་ཆུ་གྲོང་ཁྱེར་གྱི་ནུབ་རྒྱུད་སོགས་ས་བབ་ཤིན་ཏུ་མཐོ་བའི་ས་ཁུལ་དུ་ཕེབས་ཏེ་རང་སྐྱོང་ལྗོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་དང་འབྲོག་ལས་འཕེལ་རྒྱས་ལས་དོན་ལ་བརྟག་ཞིབ་གནང་བ་དང་སྦྲགས། བོད་རང་སྐྱོང་ལྗོངས་ལ་ཚུར་ལན་བསམ་འཆར་ཡང་གནང་བ་རེད། ཙུང་ལི་གཞོན་པ་ཧུའུ་ཁྲུན་ཧྭ་ཡི་གསུང་བཤད་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱ་ཆེད། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་ཉེ་ཆར་ཆེད་མངགས་ཚོགས་འདུ་གཙོ་སྐྱོང་གནང་ནས་ལག་བསྟར་དོན་འཁྱོལ་གྱི་ལས་དོན་བཀོད་སྒྲིག་གནང་བ་རེད།

            ཧུའུ་ཁྲུན་ཧྭ་མངའ་རིས་ས་ཁུལ་མཚོ་ཆེན་རྫོང་ཟླ་གཞུང་ཤང་ཟླ་བ་གྲོང་ཚོའི་འབྲོག་པ་རྡོ་རྗེའི་ཁྱིམ་དུ་ཕེབས་ནས་ས་བབ་ཤིན་ཏུ་མཐོ་བའི་ས་ཁུལ་གྱི་འབྲོག་པ་མང་ཚོགས་ཀྱི་འཚོ་བའི་གནས་ཚུལ་སྐོར་ལ་བརྟག་ཞིབ་གནང་བ།
            ཧུའུ་ཁྲུན་ཧྭ་སྔ་རྗེས་སུ་མངའ་རིས་ས་ཁུལ་མཚོ་ཆེན་རྫོང་དང་། སྒེར་རྩེ་རྫོང་། ནག་ཆུ་གྲོང་ཁྱེར་ཉི་མ་རྫོང་དང་། མཚོ་གཉིས་རྫོང་། ཤན་རྩ་རྫོང་། དཔལ་མགོན་རྫོང་བཅས་སུ་ཕེབས་ནས་གྲོང་གསེབ་དང་། ཁེ་ལས། གཞི་རིམ་སྲིད་གཞུང་བཅས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་དང་སྤེལ་རེས་གཏིང་ཟབ་གནང་བ་རེད། ཁོང་གིས་བརྟག་ཞིབ་གནང་རྗེས། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་དང་ལྷག་པར་དུ་གཞི་རིམ་ཞིང་འབྲོག་ཁུལ་ལ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་བ་དང་། ཞིང་འབྲོག་ཐོན་ལས་འཕེལ་རྒྱས་ཡག་པོ་ཕྱིན་པ། མི་དམངས་ཀྱི་འཚོ་བའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་པ། ཏང་གི་བཀའ་དྲིན་དྲན་པ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་ཡིད་ཆེས་དང་ཆོད་སེམས་བརྟན་པོ་ཡོད་པ་བཅས་ཀྱི་མྱོང་ཚོར་ཟབ་མོ་བྱུང་ཞེས་གསུངས་པ་དང་། ཁོང་གིས་མཐའ་སྐྱོང་བོད་བརྟན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལག་བསྟར་གཏིང་ཟབ་བྱས་ནས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་དང་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་ཡག་པོ་བཏང་ནས་སྤུས་ཚད་མཐོ་པོས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པའི་འགན་ལེན་བྱེད་དགོས། ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་རྗེས་མཐུད་རོགས་སྐྱོར་ལས་དོན་ཡག་པོ་སྒྲུབ་པ་དང་། ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བ། ལས་ཞུགས་གཙོ་གནད་ཐོག་ཐག་གཅོད་བཅས་བྱས་ཏེ། གནས་སྤོས་མང་ཚོགས་ས་གནས་དེ་གའི་སྤྱི་ཚོགས་ནང་མཉམ་འདྲེས་ཡོང་རྒྱུར་སྐུལ་འདེད་གཏོང་དགོས། ས་ཁུལ་གྱི་ལེགས་ཆ་དང་ཟུང་འབྲེལ་བྱས་ཏེ་ས་བབ་ཤིན་ཏུ་མཐོ་བའི་ས་ཁུལ་གྱི་འབྲོག་ལས་འཕེལ་རྒྱས་ཧུར་ཐག་གཏོང་བ་དང་། ས་གནས་དེ་གའི་སྤུས་ལེགས་ཁྱུ་གཡག་གསོ་སྤེལ་བྱེད་པ། ཕྱུགས་རིགས་ལྷས་རར་གསོ་ཚགས་ཀྱི་གཞི་ཁྱོན་ཆེ་རུ་གཏོང་བ་བཅས་བྱས་ནས་གསོ་ཚགས་ཀྱི་ཕན་འབྲས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། ས་བབ་ཤིན་ཏུ་མཐོ་བའི་ས་ཁུལ་གྱི་ཆ་རྐྱེན་སྐྱོ་པོ་ཡོད་པས། མི་དམངས་མང་ཚོགས་དང་གཞི་རིམ་ལས་བྱེད་པར་བྱམས་སྐྱོང་དང་ཐུགས་ཁུར་བྱས་ནས་ཁོང་ཚོའི་ཐོན་སྐྱེད་དང་འཚོ་བའི་ཁྲོད་ཀྱི་དཀའ་ངལ་ཐག་གཅོད་ཏན་ཏིག་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
            ཉེ་ཆར་ཝུའུ་དབྱིང་ཅེས་ཆེད་མངགས་ཚོགས་འདུ་གཙོ་སྐྱོང་གནང་སྟེ་ཙུང་ལི་གཞོན་པ་ཧུའུ་ཁྲུན་ཧྭ་ཡི་གསུང་བཤད་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་འབྲེལ་ལག་བསྟར་དོན་འཁྱོལ་གྱི་ལས་དོན་བཀོད་སྒྲིག་ཀྱང་གནང་བ་རེད། ཝུའུ་དབྱིང་ཅེས་བསམ་བློ་དང་བྱ་སྤྱོད་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཏན་ཏིག་ཡོང་བ་བྱས་ནས་ཙུང་ལི་གཞོན་པ་ཧུའུ་ཁྲུན་ཧྭ་ཡི་གསུང་བཤད་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ཏེ་འགན་འཁྲི་འཁུར་ཕོད་པ་དང་རང་འགུལ་ངང་བྱས་རྗེས་བཞག་ནས་བོད་ཀྱི་བྱ་གཞག་ཁག་ལ་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་པ་སྟེ། 
            གཅིག་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་བཏང་སྟེ་གནད་སྨིན་དབྱེ་འབྱེད་དང་། ཐོན་ལས་ཀྱི་འདེགས་སྐྱོར། སྲིད་ཇུས་ཀྱི་ལྕག་སྐུལ། ལས་ཞུགས་སྔོན་ལ་འཇོག་པ། བོད་སྐྱོར་གྱི་རོགས་སྐྱོར། སྤྱི་ཚོགས་འགན་སྲུང་གི་ཐ་སྐྱོང་བ་སོགས་ཀྱི་ལས་དོན་སྤྱི་འདོམས་ངང་ཡག་པོ་སྒྲུབ་པ་དང་། ཡུལ་གཞན་དུ་གནས་སྤོས་པའི་མང་ཚོགས་གནས་སྤོས་བྱ་ཡུལ་དུ་མཉམ་འདྲེས་བྱེད་པའི་ལས་དོན་ཡག་པོ་བསྒྲུབས་ནས་དབུལ་སྒྲོལ་གྱི་གྲུབ་འབྲས་ལ་ལོ་རྒྱུས་དང་མི་དམངས་ཀྱི་ཚོད་བགམ་ཐེག་ཐུབ་པའི་འབད་བརྩོན་བྱེད་དགོས། 
            གཉིས་ནས་ནས་ཀྱི་ཐོན་འབབ་མཐོ་རུ་གཏོང་བ་དང་འབྲི་གཡག་བཤས་གཏོང་བ་སོགས་མང་ཚོགས་ཀྱིས་ལས་ཤེས་པ་དང་ལས་ཐུབ་པའི་ཐོན་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཞིང་འབྲོག་མང་ཚོགས་ཐག་ཉེ་ས་དང་སྟབས་བདེ་སར་ཐོན་ལས་འཕེལ་རྒྱས་ནང་ཞུགས་ཐུབ་པ་བྱས་ནས་འབབ་འཕར་ཕྱུག་འགྱུར་བརྟན་པོ་ཡོང་བ་བྱེད་དགོས། 
            གསུམ་ནས་གྲོང་གསེབ་དར་རྒྱས་ལ་མགྱོགས་མྱུར་སྐུལ་འདེད་བཏང་སྟེ“ཞིང་གསུམ”ལས་དོན་གྱི་ཞན་ཆ་སྔར་བས་སེལ་བ་དང་ཚན་རྩལ་གྱི་འདེགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས“ཞིང་གསུམ”ལས་དོན་གྱི་རྣམ་པ་གསར་པ་ནུས་ཤུགས་ཡོད་རྒུས་གཏོད་དགོས། 
            བཞི་ནས་གཞི་རིམ་གྱི་རྨང་གཞི་སྔར་བས་བརྟན་དུ་གཏོང་བ་དང་གུང་ཁྲན་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་དང་གཞི་རིམ་ཏང་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་གི་ནུས་པ་འདོན་སྤེལ་ཡག་པོ་བྱས་ནས་དུས་རབས་གསར་པར་བོད་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཡོང་བར་སྲ་ཞིང་བརྟན་པའི་རྩ་འཛུགས་ཀྱི་འགན་ལེན་བྱེད་དགོས་པ་བཅས་ཀྱི་ནན་བཤད་གནང་བ་རེད།