འདི་ནི་བྱེད་སྒོར་ཞུགས་མཁན་གྱི་འགོ་ཁྲིད་དང་མཉམ་དུ་ལྷ་ས་གྲོང་ཁྱེར་གྱི་མཚན་མོའི་དཔལ་འབྱོར་གྱི་འགོ་ཚུགས་པའི་རྣམ་པ་རེད།
མཚན་མོའི་དཔལ་འབྱོར་གྱི་དར་རྒྱས་བྱུང་ཚད་ནི་གྲོང་ཁྱེར་ཞིག་གི་དཔལ་འབྱོར་གྱི་སྒོ་འབྱེད་ཚད་དང་འཁྲུག་ཆ་དོད་ཚད་ཀྱི་མཚོན་རྟགས་གལ་ཆེན་ཞིག་ཡིན་ཞིང་། དེ་ནི་དེང་རབས་གྲོང་ཁྱེར་གྱི་དཔལ་འབྱོར་གོང་དུ་སྤེལ་བའི་ནང་དོན་གལ་ཆེན་ཞིག་ཡིན་པས། དེས་གྲོང་ཁྱེར་གྱི་ཕྱོགས་བསྡུས་ཞབས་ཞུའི་ནུས་པ་ཇེ་ཆེར་གཏོང་ཐུབ་པར་མ་ཟད། ཞབས་ཞུའི་ལས་རིགས་དང་ཡུལ་སྐོར་ལས་རིགས་སོགས་ཀྱི་ཐོན་ལས་གོང་དུ་འཕེལ་བར་སྐུལ་འདེད་གཏོང་ཐུབ་ལ། གྲོང་ཁྱེར་གྱི་གཟུགས་བརྙན་ལེགས་སུ་བཏང་ནས་གྲོང་ཁྱེར་གྱི་འཛད་སྤྱོད་ལ་སྐུལ་ཁྲིད་ཀྱང་བྱེད་ཐུབ་པས། གྲོང་ཁྱེར་གྱི་ལས་ཞུགས་ཀྱི་གོ་སྐབས་ཇེ་མང་དུ་གཏོང་རྒྱུ་ནི་གཅིག་གོ་གཉིས་ཆོད་ཀྱི་ཕྱོགས་བསྡུས་ཀྱི་ལས་གྲྭ་ཞིག་ཡིན།
“ལྷ་སའི་མཚན་མོའི་དཔལ་འབྱོར་གྱི་འགོ་ཚུགས་མཛད་སྒོ་སྤེལ་བ་ནི། ལྷ་ས་གྲོང་ཁྱེར་གྱིས་སྟོབས་ཤུགས་གཅིག་སྒྲིལ་གྱིས་འཛད་སྤྱོད་རིམ་སྤོར་དང་། ནང་མཁོ་སྐུལ་ཁྲིད། གྲོང་ཁྱེར་གྱི་ནུས་པ་འཐུས་ཚང་དུ་གཏོང་བ། གྲོང་ཁྱེར་གྱི་སྤུས་ཚད་མཐོ་རུ་གཏོང་བ། གྲོང་ཁྱེར་གྱི་ཁྱད་ལྡན་གྱི་ཉམས་འགྱུར་མངོན་ཏེ་གྲོང་ཁྱེར་ཡོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་རེད”ཅེས་ལྷ་ས་གྲོང་ཁྱེར་སྲིད་གཞུང་གི་ཧྲི་ཀྲང་གཞོན་པ་ལིའུ་ཀོང་མིན་གྱིས་དེ་ལྟར་བཤད།
ལིའུ་ཀོང་མིན་གྱིས་འགོ་ཚུགས་མཛད་སྒོའི་ཐོག་ཤིས་ཚིག་གསུང་སྐབས་བསྟན་དོན། ལྷ་ས་གྲོང་ཁྱེར་གྱིས་མཚན་མོའི་དཔལ་འབྱོར་གྱི་སྤྱིའི་འཆར་འགོད་སྔར་བས་འཚོལ་ཞིབ་དང་འཐུས་ཚང་དུ་གཏོང་རྒྱུ་དང་། གཅིག་རྗེས་གཉིས་མཐུད་ཀྱིས་མཚན་མོའི་སྤྱི་པའི་འགྲིམ་འགྲུལ་གཉེར་སྐྱོང་གི་དུས་ཚོད་ཇེ་རིང་དུ་གཏོང་བ། མཚན་མོའི་འཛད་སྤྱོད་ཡུལ་དངོས་ཀྱི་སྒྱུར་བཀོད་རིམ་སྤོར་བྱ་རྒྱུ་དང་། མཚན་མོའི་རིག་གནས་ཡུལ་སྐོར་གྱི་འཁྲབ་སྟོན་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། མཚན་མོའི་ཡུལ་སྐོར་སྤྲོ་གསེང་གི་ལྟ་སྐོར་ཁུལ་ཁག་གཅིག་གསར་སྐྲུན་བྱ་རྒྱུ་སོགས་ལག་བསྟར་བྱས་ཏེ་སྟོབས་ཤུགས་གཅིག་སྡུད་ཀྱིས་ཁྱད་ལྡན་ཁྲོམ་གཞུང་དང་། གྲོང་ཁྱེར་གྱི་ཕྱོགས་བསྡུས་སྒྲིག་གཞི། རིག་གནས་རོལ་རྩེད་སོགས་གྲོང་ཁྱེར་གྱི་གཟུགས་བརྙན་མཚོན་ཐུབ་པ་དང་། ཡུལ་སྐོར་པ་དང་དེ་བཞིན་མང་ཚོགས་ཀྱི་མཚན་མོའི་འཛད་སྤྱོད་དང་འཚམ་པའི་སྤུས་རྟགས་ཀྱི་རྣམ་གྲངས་ཁག་གཅིག་གཏོད་རྒྱུ་ཡིན་པ་རེད། དུས་མཚུངས་སུ་གང་མགྱོགས་སྒོས་འཛད་སྤྱོད་ཀྱི་ལས་སྟེགས་དང་། འཛད་སྤྱོད་ཀྱི་བར་སྟོང་། འཛད་སྤྱོད་ཀྱི་རྣམ་པ་ཕུན་སུམ་ཇེ་ཚོགས་སུ་གཏོང་རྒྱུ་གསར་སྐྲུན་བྱས་ཏེ། མཚན་མོའི་འཛད་སྤྱོད་ཀྱི་ཐད་སྟབས་བདེའི་ཆ་རྐྱེན་མཁོ་འདོན་བྱས་ནས་དངོས་འབྲེལ་གྱིས་ལྷ་སའི་མཚན་མོ་“དཀར་གསལ་ལེར་”བཏང་སྟེ། ཚོང་འབྲེལ་གྱི་མི་མང་འདུ་འཛོམས་དང་མཚན་མོའི་འཛད་སྤྱོད་འཁྲུག་ཆ་དོད་པོ་ཡོང་བ་བྱེད་དགོས་ཞེས་བསྟན།
བོད་སྐོར་དཀྱིལ་འཁོར་གྱི་ཏུང་ཧྲི་ཀྲང་ཡིའུ་མིང་ཀང་གིས་ངོ་སྤྲོད་བྱས་པ་ལྟར་ན། མིག་སྔར་བོད་སྐོར་དཀྱིལ་འཁོར་གྱི་ལས་སྒོ་གནད་སྨིན་འཐུས་ཚང་དུ་བྱུང་བ་ནི《ཧ་ཧུའུ་གཞས་མ་གཏམ་གྱི་སྒྱུ་རྩལ》དང་། 《ངས་བོད་ནས་ཁྱེད་ལ་སྒུག》ཅེས་པ་སོགས་ཀྱི་འཁྲབ་སྟོན་གྱི་ལེ་ཚན་ཡོད་ཅིང་། བོད་དུ་ཡུལ་སྐོར་བྱེད་མཁན་གྱི་བྱིས་པའི་སྤྲོ་སྐྱིད་གླིང་དུ་ཕ་མ་དང་ཕྲུ་གུའི་རོལ་རྩེད་ཀྱི་རྣམ་གྲངས་སྣ་ཚོགས་ཡོད་པ་དང་། ས་གནས་དེ་གའི་ཆེས་ཆེ་བའི་འཇར་མན་གྱི་བསྙལ་མའི་སྦི་རག་ཐང་ཆེན། བོད་སྐོར་ཨར་ཁང་གི་དྲན་རྟེན་དངོས་རྫས་དང་། ཡུལ་སའི་ཁྱད་ལྡན་ཐོན་རྫས་ཀྱི་སྒྲོལ་མ་གླིང་ཉམས་ལེན་ཟོག་ཉོ་ལྟེ་གནས། སྒྲོལ་མ་གླིང་ཨེ་ཤེ་ཡ་ལྷོ་མའི་ཟོག་ཉོ་ལྟེ་གནས། བོད་བཟོའི་ཨར་ཁང་དང་། འོད་བརྙན་ངོམས་སྟོན། མེ་ཏོག་རླངས་འཁོར་གྱི་ཡུལ་སྐོར། བོད་སྨན་རྟེན་རྫས་བཤམས་མཛོད་ཁང་། ཐང་ག་བཅས་ཀྱིས་གྲོང་མི་དང་དེ་བཞིན་ཡུལ་སྐོར་པའི་བཟའ་བཏུང་དང་། སྡོད་གནས། འགྲོ་སྐྱོད། ཡུལ་སྐོར། ཉོ་སྒྲུབ། རོལ་རྩེད་བཅས་གཅིག་འཐུས་རྣམ་པའི་འཛད་སྤྱོད་ཀྱི་དགོས་མཁོ་དང་ཕུན་སུམ་ཚོགས་པའི་མཚན་མོའི་འཛད་སྤྱོད་ཀྱི་དགོས་མཁོ་བསྐངས་ཡོད་པ་རེད།
འདི་ནི་ལྷ་སའི་མཚན་མོའི་དཔལ་འབྱོར་གྱི་འགོ་ཚུགས་མཛད་སྒོའི་ཡུལ་དངོས་རེད།
མ་འོངས་པར། བོད་སྐོར་དཀྱིལ་འཁོར་གྱི་མཚན་ལྗོངས་དཔལ་འབྱོར་གྱིས་“ལྗང་མདོག་དཀྱིལ་འཁོར་”དང་། “རིག་གནས་དཀྱིལ་འཁོར་”“ཚན་རྩལ་དཀྱིལ་འཁོར་”བཅས་ཀྱི་འཕེལ་རྒྱས་ཀྱི་འཐབ་ཇུས་ལ་དམ་པོར་དམིགས་ཏེ་ས་གནས་དེ་གའི་ལོ་རྒྱུས་རིག་གནས་སྔོག་འདོན་བྱེད་པའི་རྨང་གཞིའི་ཐོག ཚན་རྩལ་གྱི་གཞི་རྒྱུ་དེ་བས་མང་བ་མཉམ་འདྲེས་ཐུབ་ནས་མི་དང་འོད་མདངས་དང་། མི་དང་མཛེས་ལྗོངས་དབར་ཕན་ཚུན་འབྲེལ་འདྲིས་དང་མཉམ་འགུལ་བྱེད་པའི་རྣམ་པ་དེ་བས་མང་བ་ཞིག་ཆགས་པ་བྱ་རྒྱུ་རེད།