ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

“རྒྱུད་གཅིག་ལམ་གཅིག”དང་ཨེ་ཤེ་ཡའི་ནང་བསྟན་རིག་གནས་གླེང་སྟེགས་སྐབས་གསུམ་པ་པེ་ཅིང་དུ་འཚོགས་པ།

སྤེལ་དུས 2020-09-15 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པད་མ་རྒྱལ་གྱིས་བསྒྱུར།
            ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ་9པའི་ཚེས་13ཉིན། “རྒྱུད་གཅིག་ལམ་གཅིག”དང་ཨེ་ཤེ་ཡའི་ནང་བསྟན་རིག་གནས་གླེང་སྟེགས་སྐབས་གསུམ་པ་དེ་པེ་ཅིང་ནང་སོག་ཁང་ཆེན་དུ་འཚོགས་པ་རེད། 

འདི་ནི་གླེང་སྟེགས་འཚོག་སའི་ཡུལ་དངོས་རེད།
            ཆིང་ཧྭ་སློབ་ཆེན་དང་། ཀྲུང་གོའི་མི་དམངས་སློབ་ཆེན། ཀྲུང་དབྱང་མི་རིགས་སློབ་ཆེན། ཀྲུང་གོའི་ཚན་རིག་ཁང་། ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་། དགའ་ལྡན་བྱིན་ཆགས་གླིང་ཀྲུང་གོའི་ནང་བསྟན་མཐུན་ཚོགས་སོགས་མཐོ་རིམ་སློབ་གྲྭ་དང་། ཞིབ་འཇུག་ལས་ཁུངས། ནང་བསྟན་ལས་རིགས་སོགས་ཀྱི་འཐུས་མི་50ལྷག་ཙམ་མཉམ་དུ་འཛོམས་ཏེ་ཨེ་ཤ་ཡའི་ནང་བསྟན་ཆོས་ལུགས་ཀྱི་ལོ་རྒྱུས་ལ་ཕྱིར་མིག་བལྟ་བ་དང་དེའི་ད་ལྟའི་གནས་བབ་ལ་དབྱེ་ཞིབ་དང་མ་འོངས་པར་རྒྱང་ལྟ་བྱས་པ་བརྒྱུད། ནང་བསྟན་རིག་གནས་དེ་འབྲེལ་ཐག་དང་སྨྱན་བྱེད་དུ་བྱས་ཏེ་ཨེ་ཤེ་ཡ་ས་ཁུལ་གྱི་རིག་གནས་ཕན་ཚུན་དབར་འབྲེལ་འདྲིས་དང་ཕན་ཚུན་དབར་བསམ་ཤེས་བྱ་རྒྱུར་སྔར་བས་སྐུལ་འདེད་བཏང་ནས། ཨེ་ཤེ་ཡ་ས་ཁུལ་གྱི་རིག་གནས་མཉམ་འདྲེས་དང་ཤེས་དཔལ་ཕན་ཚུན་དཔྱད་གཞིར་འཛིན་རྒྱུར་དགེ་མཚན་ལྡན་པའི་ནུས་པ་འདོན་པར་སྐུལ་འདེད་བཏང་ཡོད་པ་རེད།
            ཚོགས་འདུའི་འགོ་ཚུགས་མཛད་སྒོའི་ཐོག ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་འཛམ་གླིང་ཆོས་ལུགས་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་དང་ཞིབ་འཇུག་པ་ཀྲེང་ཞའོ་ཅུན་གྱིས་འགོ་ཚུགས་པའི་ཤིས་ཚིག་གསུངས་ཤིང་། ཁོང་གིས་བཤད་རྒྱུར། ནང་བསྟན་རིག་གནས་དེ་ཀྲུང་གོའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པའི་ཆ་ནས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་འཐབ་ཇུས་ཐད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱས་ཡོད་ཅིང་། ཉེ་བའི་ལོ་ཤས་རིང་། ནང་བསྟན་རིག་གནས་བརྒྱུད་སྤེལ་དང་འཕེལ་རྒྱས་བྱུང་བ་དང་བསྟུན་ནས། རྒྱལ་ཁབ་མི་འདྲ་བ་དང་མི་རིགས་མི་འདྲ་བའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་ལམ་བུར“རྒྱུད་གཅིག་ལམ་གཅིག”གི་ཕན་ཚུན་མཉམ་འདྲེས་དང་ཤུགས་རྐྱེན་ཐེབས་ནས་ཀྲུང་གོ་དང་ཨེ་ཤེ་ཡའི་མཐའ་འཁོར་རྒྱལ་ཁབ་དང་ས་ཁུལ་དབར་ནང་བསྟན་རིག་གནས་བརྗེ་རེས་དང་འབྲེལ་འདྲིས་བྱ་བའི་ཐད་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཡོད་ཅེས་བཤད།
            ཚོགས་ཆེན་གྱི་བརྗོད་དོན་གཙོ་བོའི་སྙན་ཞུའི་མཚམས་སུ་རིགས་གཅིག་མཁས་ཅན་རྣམས་ཀྱིས“རྒྱུད་གཅིག་ལམ་གཅིག”ས་ཁུལ་གྱི་ནང་བསྟན་གྱི་འཕོ་འགྱུར་དང་། ནང་བསྟན་རིག་གནས་ཀྱིས“རྒྱུད་གཅིག་ལམ་གཅིག”དང་ནང་བསྟན་སྒྱུ་རྩལ་གྱི་ཁྱབ་སྤེལ། སོག་བོད་ནང་བསྟན་རིག
གནས་ཀྱིས“རྒྱུད་གཅིག་ལམ་གཅིག”ལ་བཞག་པའི་མཛད་རྗེས་སོགས་བརྗོད་དོན་གཙོ་བོ་གསུམ་ལ་དམིགས་ནས་སྙན་ཞུ་སྤེལ་བ་རེད། རིགས་གཅིག་མཁས་ཅན་རྣམས་ཀྱིས་རིག་གཞུང་དང་སྤྱི་ཚོགས་ཀྱི་གནད་དོན་བཏོན་པར་མ་ཟད། ད་དུང་ཐག་གཅོད་ཀྱི་ཐབས་ལམ་འཚོལ་ཞིབ་བྱེད་རྩིས་བྱས་ཏེ་ཚོགས་ཐོག་གི་རྣམ་པ་འཁྲུག་ཆ་དོད་པོར་གྱུར་པ་རེད།
 
འདི་ནི་ཡུལ་དངོས་སུ་དྲི་བ་འདོན་པའི་རྣམ་པ་རེད།
རྩོམ་སྒྲིག་པ། རིག་གྲོལ།