ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

ཁ་ཤགས་དང་གར་ཆུང་ཆེད་དོན་དགོང་ཚོགས་བརྙན་ཕབ་བྱས་པ།

སྤེལ་དུས 2020-09-20 ཡོང་ཁུངས། ཨ་མདོ་བརྙན་འཕྲིན། རྩོམ་པ་པོ། བསོད་ནམས་རིན་ཆེན། སྐལ་བཟང་རྡོ་རྗེ།
          སྤྱི་ཟླ༩བའི་ཚེས༡༩ཉིན། ཨ་མདོ་བརྙན་འཕྲིན་གྱི༢༠༢༠ལོའི་དབུལ་ཐར་ཕྱུག་འགྱུར་གྱི་ཁ་ཤགས་དང་གར་ཆུང་ཆེད་དོན་དགོང་ཚོགས༼ཁ་མཚར་གཏམ་གྱི་འཁོར་ལོ།༽ཞེས་པ་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་འཁྲབ་སྟོན་ཚོམས་ཆེན་ནས་བརྙན་ཕབ་ལེགས་འགྲུབ་བྱུང་།


          ༢༠༢༠ལོ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་དང་ལོ་ལྔའི་འཆར་གཞི་བཅུ་གསུམ་པ་ཡོངས་སུ་མཇུག་བསྡུ་བའི་ལོ་ཡིན་པར་མ་ཟད།བརྒྱ་ལོ་དང་པོའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པ་ལ་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པའི་ལོ་ཡང་ཡིན་པས།རླབས་ཆེན་གྱི་དོན་སྙིང་ལྡན་པའི་ལོ་རྒྱུས་ཀྱི་དུས་སྐབས་འདི་མངོན་པར་མཚོན་ཆེད་དང་།  ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་མཛུབ་སྟོན་འོགཞིང་ཆེན་ཏང་ཨུ་དང་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཡང་དག་པའི་སྣེ་ཁྲིད་ལ་བརྟེན་ནས། རང་ཞིང་གི་རིགས་སོ་སོའི་མི་དམངས་ཀྱིས་དབུལ་ཐར་ཕྱུག་འགྱུར་ལ་རྒྱལ་ཁ་ཕུ་ཐག་ཆོད་པ་བླངས་པའི་གཡུར་དུ་ཟ་བའི་གྲུབ་འབྲས་ལ་བསྟོད་གླུ་ལེན་པ།ལྷག་པར་རང་ཞིང་བོད་འབྲེལ་ས་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་ལ་སྔ་ན་མེད་པའི་འཕེལ་རྒྱས་ཆེན་པོ་བྱུང་སྟེ།བོད་རིགས་མང་ཚོགས་ཀྱིས་འབྱོར་ཕྱུག་དང་འཆམ་མཐུན།དཔལ་ཡོན་ལྡན་པའི་འཚོ་བ་གསར་བའི་བདེ་སྐྱིད་ཀྱི་དཔལ་ལ་རོལ་བཞིན་པའི་ཉམས་དགའ་བའི་སྣང་ཚུལ་དེ་ཇི་མ་ཇི་བཞིན་དུ་མཚོན་ཆེད།ཨ་མདོ་བརྙན་འཕྲིན་གྱིས་ཁ་ཤགས་དང་གར་ཆུང་གི་ཆེད་དོན་དགོང་ཚོགས་ཤིག་འཆར་འགོད་ཀྱིས་བོད་འབྲེལ་ཞིང་ཆེན་ཡོངས་ལ་ཁ་ཕྱོགས་ནས་ཁ་ཤགས་དང་གར་ཆུང་བརྩམས་ཆོས་བསྡུས་ཤིང་། ཟླ་བ་ལྔ་ལྷག་གི་དུས་ཡུན་ནང་མཚོ་སྔོན་ཞིང་ཆེན་གྱི་མཚོ་ལྷོ་དང་རྨ་ལྷོ།མགོ་ལོག མཚོ་བྱང་། མཚོ་ནུབ། ཀན་སུའུ་ཞིང་ཆེན་གྱི་ཀན་ལྷོ་ཁུལ་སོགས་ནས་བརྩམས་ཆོས་སུམ་ཅུ་སོ་བརྒྱད་འབྱོར་བ་ལས།འཁྲབ་གཞུང་གི་ཐོག་མའི་དཔྱད་འདེམ་དང་ས་གནས་སོ་སོར་བསྐྱོད་དེ་འཁྲབ་སྟོན་ལ་ཞིབ་ལྟ་བྱས་པ་བརྒྱུད་མཐར་བརྗོད་དོན་དུས་རབས་དང་མཐུན་ཞིང་།ཡར་ཐོན་ཡར་སྐུལ་གྱི་ནང་དོན་ལྡན་ལ། མང་ཚོགས་ཀྱི་འཚོ་བ་དངོས་ལས་བྱུང་བའི་དབུལ་ཐར་ཕྱུག་འགྱུར་དང་རིམས་ནད་འགོག་སྲུང་གི་ཡིད་མགུ་བའི་གཏམ་རྒྱུད་བརྗོད་བྱར་བྱས་པའི་གར་ཆུང་བརྒྱད་དང་ཁ་ཤགས་གསུམ་ཐེངས་འདིའི་ཁ་ཤགས་དང་གར་ཆུང་ཆེད་དོན་དགོངས་ཚོགས་ལ་བདམས་ཐོན་བྱུང་སྟེ།ཚེས་བཅོ་ལྔའི་ཉིན་འཁྲབ་སྟོན་པ་ཡོངས་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་ལ་མཉམ་དུ་འཛོམས་ནས་ཆེད་མཁས་པ་དང་ཆེད་ལས་དགེ་རྒན་གྱིས་ཡུལ་དངོས་ནས་འཁྲབ་སྟོན་མཛུབ་ཁྲིད་དང་འཁྲབ་སྟོན་སྦྱོང་བརྡར་རབ་དང་རིམ་པ་སྤེལ་བ་བརྒྱུད་ཚེས་བཅུ་དགུའི་ཉིན་དངོས་སུ་བརྙན་ཕབ་བྱས་ཏེ་ལེགས་འགྲུབ་ཆེན་པོ་བྱུང་།


          ཁ་ཤགས་དང་གར་ཆུང་ནི་སྐད་ཆའི་སྒྱུ་རྩལ་ཁྱད་པར་བ་ཞིག་ཡིན་ཞིང་།རྒྱལ་ཁབ་དང་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་སྒྱུ་རྩལ་གྱི་མ་ལག་གལ་ཆེན་ཞིག་ཡིན་པས། ཐེངས་འདིའི་ཁ་ཤགས་དང་གར་ཆུང་ཆེད་དོན་དགོང་ཚོགས་ཀྱིས་སྲོལ་རྒྱུན་རིག་གནས་སྒྱུ་རྩལ་གྱི་མ་ལག་འདི་མུ་མཐུད་ནས་རྒྱུད་འཛིན་དར་སྤེལ་གཏོང་བ་ལ་ནུས་པ་བླ་ལྷག་ཅིག་ཐོན་ཡོད་པར་མ་ཟད།ཉེ་བའི་ལོ་ཤས་ཀྱི་རིང་ནས་བོད་སྐད་ཀྱི་ཁ་ཤགས་དང་གར་ཆུང་ཇེ་ཉུང་ནས་ཇེ་ཉུང་དུ་ཕྱིན་པའི་གནས་བབ་ལ་འགྱུར་ལྡོག་བྱུང་སྟེ།རིམ་གྱིས་བོད་སྐད་ཀྱི་ཁ་ཤགས་གར་ཆུང་སྒྱུ་རྩལ་ལ་གསོན་ཤུགས་གསར་བ་ཞིག་རྒྱས་ནས། སྔར་ལས་ཁྱད་དུ་འཕགས་པའི་བརྩམས་ཆོས་གསར་བ་མང་པོ་ཆར་རྗེས་ཀྱི་ཤ་མོ་བརྡོལ་བ་བཞིན་ཐོན་པ་ལ་སྐུལ་འདེད་ཀྱི་ནུས་པ་ཡང་མི་དམན་པ་ཞིག་ཐོན་སྲིད་པ་གདོན་མི་ཟ་བས།གནས་སྐབས་འདི་འདྲ་ཞིག་ལ་ཆེད་དམིགས་ཀྱིས་ཁ་ཤགས་དང་གར་ཆུང་གི་ཆེད་དོན་དགོངས་ཚོགས་ཤིག་བསྒྲུབས་པ་ལ་ཁྱོན་ཡོངས་ཀྱི་དོན་སྙིང་གལ་ཆེན་ལྡན་ནོ།།