མི་སྣ་ངོ་སྤྲོད།
ལིའུ་ཡོན། ཕོ། རྒྱ་རིགས། 1931ལོར་སྐྱེས། 1956ལོའི་ཟླ་4པར་ཧྲན་ཏུང་ནས་བོད་དུ་ཡོང་བ་དང་ལྷ་སར་འབྱོར་རྗེས་རྩ་འཛུགས་ཀྱིས་བོད་ལྗོངས་ལས་བྱེད་སློབ་གྲྭའི(བོད་ལྗོངས་སློབ་ཆེན་གྱི་སྔ་མིང)ནོར་དོན་ཁོའོ་རུ་ལས་བགོས་བརྒྱབ་པ་དང་། 1957ལོར་བོད་ལྗོངས་སྤྱི་སློབ(ད་ལྟའི་བོད་ལྗོངས་མི་རིགས་སློབ་ཆེན)དུ་དྲུང་ཡིག་གི་ལས་ཀ་བྱས། 1961ལོར་ལྷ་ས་གྲོང་ཁྱེར་སྙེ་མོ་རྫོང་དུ་གྲོང་གསེབ་ཀྱི་ལས་དོན་སྤེལ་བར་བསྐྱོད། 1966ལོར་ཉིང་ཁྲི་རྫོང་དང་བོད་ལྗོངས་ཞིང་འབྲོག་སློབ་གླིང་དུ་དྲིལ་བསྒྲགས་ལས་དོན་སྤེལ་བར་བསྐྱོད། 1979ལོར་བོད་རང་སྐྱོང་ལྗོངས་དཔེ་སྐྲུན་ཅུས་སྤྱི་ཁྱབ་རྩོམ་སྒྲིག་ཁང་གི་ཀྲུའུ་རེན་གཞོན་པ་བྱས། 1991ལོར་དངོས་སུ་རྒན་ཡོལ་ཞུས་པ་དང་ད་ལྟ་སི་ཁྲོན་ཞིང་ཆེན་ཁྲེང་ཏུའུ་གྲོང་ཁྱེར་དུ་གཞིས་ཆགས། རྒན་ཡོལ་ཞུས་རྗེས་རྩོམ་འབྲིའི་གཞོགས་འདེགས་བྱས་པའི《བོད་ལྗོངས་སྦྲག་སྲིད་ཀྱི་སྦྲག་འཛིན་ལོ་རྒྱུས》ཞེས་པར་སྐབས་དགུ་པའི་ཨེ་ཤེ་ཡའི་སྦྲག་འཛིན་འགྲེམས་སྟོན་དཔྱད་འདེམས་ཨུ་ལྷན་གྱི་དངུལ་གྱི་བྱ་དགའ་ཐོབ་པ་རེད།
འདི་ནི་ལིའུ་ཡོན་གྱིས་ཚགས་པར་ལྟ་བཞིན་པ།
1956ལོའི་ཟླ་4པའི་ཟླ་འགོར་རྩ་འཛུགས་ཀྱིས་རང་ཉིད་བོད་དུ་ལས་ཀར་བཀོད་སྒྲིག་བྱས་པ་དང་ཁོར་ཡུག་གཏན་ནས་མི་འདྲ་བའི་ས་ཆར་ལས་ཀ་བྱེད་པ་དང་འཚོ་བ་སྐྱེལ་དགོས་པས་རང་ཉིད་ལ་ཅུང་བློ་མི་བདེ་བ་དང་རེ་སྒུག་གི་བསམ་བློ་སྐྱེས་བྱུང་།
སྐབས་དེ་དུས་རང་ཉིད་དང་མཉམ་དུ་མི་37བོད་དུ་ཡོང་བ་དང་ཚང་མ་བོད་དུ་འགྲོ་ཐེངས་དང་པོ་ཡིན་ལ། ན་གཞོན་ཤ་སྟག་ཡིན་སྟབས་ཕལ་ཆེ་བས་ས་མཐོའི་གནམ་གཤིས་འཕྲོད་ཐུབ་མིན་ལ་སེམས་ཁྲལ་བྱེད་པ་ཕུད་དེ་བས་རེ་སྒུག་ཆེན་པོ་བྱེད་ཀྱི་ཡོད། ང་ཚོ་ཅིས་ནན་ནས་རྡོག་ཐོན་བྱས་ཏེ་དུས་ཡུན་ཟླ་བ་གསུམ་ལྷག་ཙམ་བརྒྱུད་1956ལོའི་ཟླ་8ཚེས་3ཉིན་ལྷ་སར་འབྱོར་བྱུང་།
བོད་དུ་སླེབས་རྗེས་རང་ཉིད་བོད་ལྗོངས་ལས་བྱེད་སློབ་གྲྭའི(བོད་ལྗོངས་སློབ་ཆེན་གྱི་སྔ་མིང)ནོར་དོན་ཁོའོ་རུ་ལས་བགོས་བརྒྱབ་བྱུང་། ལས་དོན་ཡག་པོ་སྤེལ་ཆེད་སློབ་གྲྭས་རྒྱ་བོད་སློབ་མ་མང་པོ་ཞིག་བསྡུས་པ་དང་མང་ཤོས་སྐབས་མི་2000ལྷག་ཙམ་ཟིན་གྱི་ཡོད། འོན་ཀྱང་སློབ་གྲྭར་བོད་བཟོའི་ཐོག་ཁང་3དང་ས་ཕག་ཁང་པ་ཐོག་གཅིག་མ་སྟར་པ་2ལས་མེད་པས་རང་ཉིད་ཚུད་པའི་སློབ་མ་ཕལ་ཆེ་བ་སྦྲ་གུར་ནང་སྡོད་དགོས་བྱུང་།
བོད་དུ་སླེབས་མ་ཐག་བཟའ་བཏུང་གོམས་གཤིས་འཇགས་ཁག་པོ་བྱུང་བ་དང་རྩམ་པ་དང་ཧྲན་ཏུང་གི་མོག་མོག་གི་བྲོ་བ་ཁྱད་པར་ཧ་ཅང་ཆེ་ལ་དེ་བས་ཇ་བསྲུབས་མ་འཐུང་དཀའ་བ་ཞིག་བྱུང་། ལས་ཁུངས་ཀྱི་བོད་རིགས་ལས་རོགས་གཅིག་གིས་ཉིན་ལྟར་ཇ་བསྲུབས་མ་ཧུའུ་ཆེན་པོ་གང་ཁྱེར་ནས་ངེད་ཚོར་མཉམ་དུ་འཐུང་དུ་འཇུག་གི་ཡོད། ཚང་མས་དགའ་ཚོར་ཆེན་པོས་འཐུང་བ་མཐོང་སྐབས་རང་ཉིད་ཀྱིས་ཀྱང་བྲོ་བ་མྱོང་བཞིན་དུ་དུས་ཡུན་རིང་པོ་འདས་རྗེས་རོ་བཅུད་ལྡན་པའི་ཇ་བསྲུབས་མའི་བྲོ་བ་རིམ་བཞིན་གོམས་ཏེ་སྐམ་པོར་གྱུར་བའི་ངའི་མཆུ་ཏོ་ཡང་སོས་པ་དང་དེ་ལྟར་དུས་ཀྱི་གོམས་འགྲོས་དང་བསྟུན་ནས་རང་ཉིད་ཀྱང་ཇ་བསྲུབས་མ་འཐུང་རྒྱུར་དགའ་བའི་མི་ཞིག་ཏུ་གྱུར།
བོད་དུ་ལོ་30ལྷག་ཙམ་འཚོ་བ་བསྐྱལ་བ་དང་བོད་རིགས་མང་ཚོགས་དང་ལས་རོགས་ཚོ་དང་མཉམ་བཟའ་དང་། མཉམ་སྡོད། མཉམ་དུ་ངལ་རྩོལ་བཅས་བྱས་པ་དང་རྩམ་པ་དང་ཇ་བསྲུབས་མའང་ངེད་ཚོའི་བརྩེ་དུང་གི་སྦྲེལ་ཐག་ཏུ་གྱུར་ཞིང་། རྣམ་ཀུན་བོད་རིགས་མང་ཚོགས་དང་རུབ་རུབ་བྱས་ཏེ་རྩམ་པ་བཟའ་བ་དང་ཇ་བསྲུབས་མ་འཐུང་གི་ཡོད་ལ། རྟག་ཏུ་རྩམ་པ་ཟ་སྐབས་ངའི་ངོ་གདོང་རྩམ་རལ་ཡོག་ཡོག་ཆགས་པ་དེའང་བཞད་གད་སློང་བའི་རྒྱུར་གྱུར་གྱི་ཡོད།
1961ལོར་རང་ཉིད་སྙེ་མོ་རྫོང་དུ་གྲོང་གསེབ་ཀྱི་ལས་དོན་སྒྲུབ་པར་མངགས་པ་དང་སྙེ་མོ་རྫོང་གིས་རང་ཉིད་ལ་བཞག་པའི་བག་ཆགས་ཟབ་ཤོས་ནི་ཡུལ་དེའི་འོང་སྐོར་དུས་ཆེན་ཡིན་ཞིང་། ཡུལ་དེའི་བོད་རིགས་མང་ཚོགས་ཀྱི་ཤོད་སྲོལ་ལྟར་ན། འོང་སྐོར་དུས་ཆེན་ནི་བོད་ཞི་བའི་བཅིངས་འགྲོལ་མ་བཏང་གོང་གཞི་ཁྱོན་ཆེན་པོ་དེ་ཙམ་མེད་པ་དང་དུས་ཆེན་གྱི་རྣམ་པའང་ཟབ་པོ་མེད། དམངས་གཙོའི་བཅོས་སྒྱུར་བྱས་རྗེས་མི་དམངས་མང་ཚོགས་ཀྱི་གནས་བབ་དང་འཚོ་བའི་ཆུ་ཚད་མཐོ་རུ་འགྲོ་བ་དང་སྦྲགས་གཞི་ཁྱོན་རིམ་བཞིན་ཆེ་རུ་ཕྱིན་ནས་དུས་ཆེན་གྱི་རྣམ་པའང་གྲ་ཇེ་རྒྱས་སུ་སོང་ཡོད།
1966ལོར་ལས་ཀའི་དགོས་མཁོ་ལྟར་རང་ཉིད་ཉིང་ཁྲི་རྫོང་དུ་ལས་སྒྱུར་བྱས།
ཉིང་ཁྲིར་ཐོག་མར་སླེབས་སྐབས་དཔྱིད་ཟླ་གསུམ་པ་ཡིན་པས་གང་སར་མེ་ཏོག་སྣ་ཚོགས་བཞད་ཅིང་། དེ་དག་གི་དཀྱིལ་དུ་ཞིང་དུད་ཉི་ཤུ་སུམ་ཅུ་ཙམ་གྱི་ཁང་པ་མཐོང་རྒྱུ་ཡོད་ལ་ནོར་ལུག་ཅི་དགར་རྩྭ་ཟ་བཞིན་འདུག དེ་ལྟ་བུའི་མཛེས་སྡུག་རྨད་དུ་བྱུང་བའི་ཉིང་ཁྲིའི་སྣོད་བཅུད་ཁོར་ཡུག་དང་མི་ཆོས་རིག་གནས་ཀྱི་ཁྱད་ཆོས་ཀྱིས་ངའི་ཡིད་དབང་རབ་ཏུ་འཕྲོག་པ་དང་སྙེ་མོ་རྫོང་དུ་ལས་ཀ་བྱེད་སྐབས་རི་མོ་འབྲི་སྟངས་རང་སྦྱོང་བྱས་པ་དེ་ད་གཟོད་ཉིང་ཁྲིར་སྤྱོད་གོ་ཆོད་སོང་།
སྐབས་དེ་དུས་རང་ཉིད་ཀྱི་ལས་འགན་ལེགས་གྲུབ་ཟིན་རྗེས་ཞིང་ནང་དང་མུ་ཁར་བསྐྱོད་དེ་ཡུལ་དེའི་མི་སེར་ཚོ་སྐྱ་བྲིས་བྱས་པ་དང་དེ་ལྟར་ཡུན་རིང་སོང་རྗེས་མང་ཚོགས་མང་པོ་ཞིག་གིས་རང་ཉིད་བཙལ་ནས་རི་མོ་འབྲི་རུ་བཅུག་བྱུང་། 1969ལོར་ཡུལ་དེའི་མང་ཚོགས་གཅིག་གིས“མའོ་ཀྲུའུ་ཞི་ནི་ངེད་ཚོའི་དྲིན་ཅན་ཡིན་པས་ཁྱེད་ཀྱིས་ང་ལ་གཙོ་འཛིན་གྱི་སྐུ་པར་ཞིག་འབྲི་རོགས། ངས་ཁྱིམ་དུ་འགེལ་གྱི་ཡིན”ཞེས་བཤད་པ་དེར་སེམས་འགུལ་ཆེན་པོ་ཐེབས་བྱུང་བས། ཧ་ཅང་ནན་ཏན་གྱིས་བྲིས་རྗེས་ཁོང་ལ་སྤྲོད་སྐབས་ཁོང་གིས་སེམས་འགུལ་ཚད་མེད་ཐེབས་བཞིན་དུ་ངའི་ལག་གཉིས་ནས་བཟུང་སྟེ་ཐུགས་རྗེ་ཆེ་ཡང་ཡང་བཤད་བྱུང་།
རྗེས་སུ་རང་ཉིད་ཉིང་ཁྲི་ཞིང་འབྲོག་སློབ་གླིང་དུ་དྲིལ་བསྒྲགས་ལས་དོན་སྤེལ་བར་ལས་སྒྱུར་བྱས་པ་དང་ཞིང་འབྲོག་སློབ་གླིང་དུ་ཤིང་བཟོ་བ་བྱེད་པའི་བསོད་ཚེས་རྟག་ཏུ་རང་ཉིད་བཙལ་ནས་ཁོང་ལ་རི་མོ་འབྲི་སྟངས་སློབ་རྒྱུའི་རེ་བ་བཏོན་བྱུང་བས་ངས་ལས་ཐག་བཅད་རྗེས་ཁོང་ཁྱིམ་དུ་སྐད་བཏང་སྟེ་ཇ་བསྲུབས་མས་སྣེ་ལེན་ཞུས་རྗེས་རི་མོ་འབྲི་སྟངས་སློབ་ཁྲིད་བྱེད་ཀྱི་ཡོད། ལོ་གཉིས་ཙམ་སྦྱངས་པ་བརྒྱུད་བསོད་ཚེས་རི་མོ་ཡག་པོ་འབྲི་ཤེས་པ་དང་རྗེས་སུ་ཁོང་ད་དུང་ཚགས་པར་ལས་ཁུངས་ཤིག་ཏུ་མཛེས་རྩལ་རྩོམ་སྒྲིག་པ་བྱེད་པར་བསྐྱོད་ཅིང་། རང་ཉིད་ལ་ཐུགས་རྗེ་ཆེ་ཞུ་ཆེད་བསོད་ཚེས་ཆེད་མངག་རྐུབ་བཀྱག་གཅིག་དང་ཧྲ་ཧྥ་གཅིག་བཟོས་ནས་སྤྲད་བྱུང་།
1991ལོར་རང་ཉིད་དངོས་སུ་རྒན་ཡོལ་ཞུས་ཏེ་ཁྲེང་ཏུར་གཞིས་ཆགས་པ་ཡིན། རྒན་ཡོལ་ཞུས་རྗེས་ཀྱི་ཐོག་མའི་ལོ་ཁ་ཤས་ནང་ངས་ལོ་ལྟར་བོད་དུ་ཐེངས་རེ་ལོག་ནས་བོད་ཀྱི་འགྱུར་ལྡོག་ལ་ལྟ་བར་འགྲོ་གི་ཡོད། ད་ཆ་བོད་དུ་ལས་ཀ་བྱེད་རིང་གི་བགྲང་བྱ་30ལྷག་ཙམ་ལ་ཕྱིར་དྲན་བྱེད་སྐབས་བོད་རྒྱ་ཁྱིམ་ཚང་གཅིག་ལྟར་བརྩེ་བ་དང་བོད་དུ་ལས་ཀ་བྱེད་རིང་གི་གནད་དོན་ཆུང་ཙག་རེ་རེ་བཞིན་ནི་ངའི་ཚེ་འདིའི་རིན་ཐང་བྲལ་བའི་རྒྱུ་ནོར་ཞིག་དང་གཉིས་སུ་མ་མཆིས།
ད་ལོ་རང་ཉིད་ལོ་89ལ་སླེབས་སོང་མོད། སྔར་བཞིན་བོད་ཀྱི་རྩྭ་དང་རྩི་ཤིང་རེ་རེ་བཞིན་དྲན་གྱི་འདུག་ལ། བབ་ཆགས་པའི་བོད་རིགས་སྤུན་ཟླ་ཚོ་དང་རོ་བཅུད་ལྡན་པའི་ཇ་བསྲུབས་མ་དེ་བས་དྲན་གྱི་འདུག