ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

ཞིང་པ་དཀྱུས་མ་ཞིག་གི་ལོ་ངོ་བཅུ།

སྤེལ་དུས 2020-10-16 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པད་མ་རྒྱལ་གྱིས་བསྒྱུར།

 འདི་ནི་ལྷག་པ་རེད།
       ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ་10པའི་ཚེས་14ཉིན་གྱི་ཉིན་གུང་། བོད་རང་སྐྱོང་ལྗོངས་མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་འཁོར་ཆགས་གྲོང་ཚོ་རུ་སྔ་དྲོར་ངལ་རྩོལ་བྱས་པའི་ལྷག་པ་ཁྱིམ་དུ་ལོག་བྱུང་། ཁོ་མོས་ཁང་པའི་སྒོ་ཕྱེ་ནས་རྐང་ལག་ཡར་མར་བརྐྱངས་པ་དང་། དེ་ནས་རང་ཉིད་ལ་ཇ་དེམ་གང་བསྐོལ་ནས་ངལ་གསོ་ཏོག་ཙམ་བརྒྱབ་རྗེས། རང་གི་མེ་ཏོག་ལ་བདག་སྐྱོང་བྱེད་འགོ་བརྩམས་ནས་ངལ་གསོའི་དུས་སྐབས་བཟང་པོ་འདིར་ལོངས་སུ་སྤྱད།
       ཞིང་པའི་ཁྱིམ་དུ་མི་ཁོམ་ལོང་ཅན་མེད་དེ། ལྷག་པའི་བཟའ་ཟླས་བུ་ཁྲིད་ནས་སྐྱེལ་འདྲེན་བྱེད་བཞིན་ཡོད་པས་རྒྱུན་པར་ཁྱིམ་དུ་སྡོད་ཀྱི་མེད་པ་དང་། བུ་མོ་གཉིས་ཀྱིས་ཡུལ་གཞན་དུ་སློབ་སྦྱོང་བྱེད་བཞིན་ཡོད་པས། ཁྱིམ་དུ་གཅིག་པུར་སྡོད་པའི་ལྷག་པས་རང་ཉིད་ཀྱི་འཚོ་བར་བཀོད་སྒྲིག་ཚགས་དམ་པོ་བྱས་ཡོད་དེ། ཁོ་མོས་ཁྱིམ་ཚང་མགྲོན་ཁང་ལ་ལྟ་སྐྱོང་བྱེད་དགོས་པར་མ་ཟད། ད་རུང་ཞིང་ལས་ལའང་བྲེལ་དགོས་པ་དང་། ཞིང་ལས་མེད་པའི་དུས་ཚིགས་སུ་ཡང་ཁོམ་ལོང་མེད་དེ། ཁོ་མོ་གྲོང་ཚོའི་བུད་མེད་མཉམ་ལས་ཁང་དུ་སོང་ནས་ཉིན་གླ་རྒྱག་གི་ཡོད།
       “ཚང་མ་བྲེལ་བ་ཆེ་བས་ང་ཡང་ལུས་མི་ཉན”ཞེས་ལྷག་པས་ད་ལྟ་འཚོ་བ་ཡག་པོ་འདི་འདྲ་ཡོད་པས་ལེ་ལོ་དང་བག་གཡེང་དེ་བས་བྱེད་མི་རུང་ཞེས་བཤད། དཀའ་སྤྱད་ཀྱིས་ངལ་རྩོལ་བྱེད་པའི་ལྷག་པ་ཁྱིམ་ཚང་གང་བོར་མི་ཚང་མའི་བརྩི་བཀུར་ཐོབ་སྟེ། གྲོང་ཚོའི་ནང་ཀུན་གྱིས་ཁས་ལེན་པའི་དཔེ་བཟང་གི་ཁྱིམ་ཚང་ཞིག་ཏུ་གྱུར་པ་དང་། ལྷག་པའི་བབ་ཆགས་པའི་སྐད་ཆའི་ཁྲོད་དུ་ཁྱིམ་ཚང་དེའི་བདེ་སྐྱིད་ཀྱི“གསང་གྲངས”སྦས་ཡོད།

འདི་ནི་འཁོར་ཆགས་གྲོང་ཚོ་རེད།
       སྤུ་ཧྲེང་རྫོང་ནི་མངའ་རིས་ས་ཁུལ་གྱི་ལྷོ་རྒྱུད་དུ་གནས་ཤིང་། དེ་ནི་རྒྱ་གར་དང་ནེ་པ་ལར་འབྲེལ་ཡོད་པ་དང་། ས་གནས་དེ་གའི་སྤུ་ཧྲེང་འགག་སྒོ་ནི་མངའ་རིས་ཀྱི་ཕྱི་ཕྱོགས་དང་ཚོང་འགྲུལ་གྱི་འགག་སྒོ་གཅིག་པུ་ཡིན་ཞིང་། དུས་རབས་གོང་མའི་ལོ་རབས50པའི་དུས་མཇུག་ཏུ། ཀྲུང་དབྱང་གིས་སྤུ་ཧྲེང་དུ་རྒྱལ་སྤྱིའི་ཚོང་ར་བཙུགས་པ་དང་། 1995ལོར་ཆོག་མཆན་འཐོབ་ནས་ཀྲུང་གོའི་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་འགག་སྒོར་གྱུར་པ་རེད།
       འཁོར་ཆགས་གྲོང་ཚོ་ནི་མཐའ་མཚམས་ཀྱི་རང་བྱུང་གྲོང་ཚོར་གཏོགས་པ་དང་། མཐའ་མཚམས་དང་བར་ཐག་སྤྱི་ལེ་བརྒྱད་ལས་མེད། ལོ་བཅུའི་ཡར་སྔོན་དུ། འཁོར་ཆགས་གྲོང་ཚོར་གནས་ལ་ཡོང་མ་ཐག་པའི་ལྷག་པ་དང་མོའི་ཁྱོ་ག་གཉིས་ཀྱིས་མཉམ་གཅིག་ཏུ་ཁྱིམ་ཚང་མགྲོན་ཁང་གཉེར་འགོ་ཚུགས་ཤིང་། ཡུལ་སྐོར་པ་ཉིན་བཞིན་ཇེ་མང་དུ་སོང་བར་བརྟེན་ནས་ཁྱིམ་ཚང་མགྲོན་ཁང་ཆུང་ཆུང་དེས་ལྷག་པ་ཚང་ལ་ཡོང་འབབ་ཡག་པོ་ཞིག་ཁྱེར་ཡོང་བ་དང་། ཡུལ་སྐོར་པ་མང་བའི་དུས་སུ་ཉིན་རེར་ཡོང་འབབ་སྒོར་400ལྷག་ཙམ་ཡོད།
       ཁྱིམ་ཚང་མགྲོན་ཁང་གི་ཚོང་གིས་ལྷག་པར་རྐང་འོག་གི་ས་ཞིང་སྣང་མེད་ལ་འཇོག་དུ་མ་བཅུག་པར། ཁྱིམ་གྱི་རྨོ་ཞིང་མུའུ་བཅུ་ལྷག་ཙམ་ཚང་མ་བདག་སྐྱོང་ཡག་པོ་བྱས་ཡོད། ལྷག་པར་དུ་བོད་ནས་ཀྱི་སྣ་ཁ་གསར་པ་2000ལྷག་ཚོད་འདེབས་ཁྱབ་གདལ་བྱས་པ་དང་བསྟུན་ནས་ནས་ཀྱི་ཐོན་ཚད་ཆེས་ཆེར་འཕར་ཏེ། ལོ་ཏོག་གི་ཐོན་འབབ་མངོན་གསལ་གྱིས་ཡར་འཕར་ནས་ལྷག་པ་ཚང་གི་ཡོང་འབབ་བརྟན་པོའི་ངང་ཡར་འཕར་བ་རེད།
       ལག་ཏུ་གསོག་དངུལ་ངེས་ཅན་ཞིག་རག་རྗེས་ལྷག་པའི་བཟའ་ཟླས་དོས་སྐྱེལ་རླངས་འཁོར་ཞིག་ཉོས་ནས་ཆེད་མངགས་སྐྱེལ་འདྲེན་གྱི་ལས་ལ་གཞོལ་ཞིང་། 2016ལོ་ནས་བཟུང་ས་གནས་དེ་གས་འཁོར་ཆགས་གྲོང་ཚོའི་མཐའ་མཚམས་འབྱོར་འབྲིང་གྲོང་ཚོའི་འཛུགས་སྐྲུན་གྱི་རྣམ་གྲངས་ལག་བསྟར་བྱས་ཏེ། སྔ་རྗེས་སུ་མ་དངུལ་སྒོར་ཁྲི5620.5བཏང་ནས་འཁོར་ཆགས་གྲོང་ཚོའི་ཁྱོན་ཡོངས་ནས་མཐོར་གཏོང་གི་ལས་གྲྭ་ལག་བསྟར་བྱས་ཤིང་། མཐའ་མཚམས་འབྱོར་འབྲིང་གྲོང་ཚོའི་འཛུགས་སྐྲུན་ལ་བརྟེན་ནས་ལྷག་པ་ཚང་དང་གྲོང་མི་ཚོ་མཉམ་གཅིག་ཏུ་འབབ་འཕར་ཕྱུག་འགྱུར་གྱི་མགྱོགས་ལམ་སྟེང་བསྐྱོད་པ་རེད།
       ཞིང་འབྲོག་པའི་ལས་ཞུགས་གཞན་སྒྱུར་ལ་རྒྱུན་མཐུད་ངང་སྐུལ་འདེད་གཏོང་ཆེད། ད་ལོར་བོད་ལྗོངས་ཀྱིས་སྲིད་གཞུང་གི་མ་འཇོག་རྣམ་གྲངས་ཀྱི་ལས་ཞུགས་བསྡུ་ལེན་གྱི་ཆེད་དོན་སྦྲེལ་མཐུད་ལམ་སྲོལ་ཆེད་མངགས་བཙུགས་ནས་སྲིད་གཞུང་གིས་མ་དངུལ་སྒོར་ཁྲི་400མན་དང་། མཐའ་མཚམས་འབྱོར་འབྲིང་གྲོང་ཚོའི“རྒུད་གསབ་ལས་སྤྲོད”ཀྱི་རྣམ་གྲངས་སྤྱིའི་ཆ་ནས་ཞིང་འབྲོག་པའི་ཨར་ལས་ཁེ་ལས་ཀྱི་འཛུགས་སྐྲུན་ལ་རྩིས་སྤྲད་བྱས་པ་རེད། མཐའ་མཚམས་ཀྱི་འཐབ་ས་དང་པོའི་འཁོར་ཆགས་གྲོང་ཚོའི་གྲོང་མིས་སྲིད་ཇུས་འདིའི་ཕན་ཁེ་འཐོབ་སྟེ་ཞིང་འབྲོག་མང་ཚོགས་ཀྱི་ཨར་ལས་རུ་ཁག་གིས་སྒྲུབ་འགན་འཁུར་བའི་རྣམ་གྲངས་ཇེ་མང་དུ་སོང་བ་དང་། སྐྱེལ་འདྲེན་རླངས་འཁོར་རུ་ཁག་གི་ལས་སྒོ་རྒྱུན་ཆད་མེད་པས་ས་གནས་དེ་གའི་གྲོང་མིའི་འཚོ་བ་ཇེ་ཡག་ནས་ཇེ་བཟང་དུ་སོང་ཡོད་པ་རེད།

འདི་ནི་ལྷག་པ་ཚང་གི་ཁྱིམ་ཚང་མགྲོན་ཁང་རེད།
       ཉེ་བའི་ལོ་ངོ་བཅུའི་རིང་གི་འཚོ་བའི་འགྱུར་ལྡོག་གིས་ཕ་ཡུལ་ལ་འགྱུར་ལྡོག་འདི་འདྲའི་ཆེ་བ་བྱུང་བ་དང་། འཚོ་བ་རོལ་བ་འདི་འདྲའི་བཟང་བ་ནི་ལྷག་པའི་སེམས་ལའང་དྲན་མ་མྱོང་། ལྷག་པ་སྒེའུ་ཁུང་གསལ་ཞིང་གྲལ་དག་པའི་ཁང་པ་གསར་པའི་ནང་དུ་བསྡད་དེ་བྱིས་དུས་ཀྱི་འཚོ་བ་རོལ་བའི་གནས་ལ་ཕྱིར་དྲན་བྱེད་ཞོར། “བབ་ཆགས་ཆེས་ཟབ་པ་ནི་ས་ཁང་ཡིན་ཞིང་། དྲོད་ཡོད་པའི་ཆེད་དུ་སྒེའུ་ཁུང་ཧ་ཅང་ཆུང་བ་ཡིན”ཞེས་བཤད། ད་ལྟའི་ཁང་པ་གསར་པའི་ནང་དུ་ཉི་འོད་དྲོད་ཁང་བཟོས་ཡོད་པས། དྲོད་ལེན་ཆོག་པ་དང་མེ་ཏོག་ཀྱང་གསོས་ཆོག་པ་ཡིན།
       ཕྱུག་པོར་ཆགས་པའི་འཁོར་ཆགས་གྲོང་ཚོའི་གྲོང་མིས་ད་སྐབས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བར་གཅེས་སྤྲས་ཆེན་པོ་བྱེད་ཅིང་། ཁོ་ཚོས་རང་འགུལ་ངང་ཆང་འཐུང་བ་དང་རྒྱན་འགྱེད་པ། ངེས་མེད་ཆུད་ཟོས་སུ་གཏོང་བ་སོགས་ཀྱི་སྲོལ་ངན་གྱི་རིགས་དང་རྒྱང་དུ་གྱེས་ནས།  “རྒྱན་འགྱེད་བཀག་འགོག་དང་དོར་དགོས་ཚེ་ངེས་པར་དུ་བསམ་བློར་བརྟེན་དགོས”པའི་སྐོར་གྲོང་མིའི་སྒྲིག་སྲོལ་གྱི་ནང་དུ་བྲིས་ཏེ། རང་འགུལ་ངང་འཁོར་ཆགས་ཀྱི་ཨ་ཅེ་ལྷ་མོ་དང་། གར་བྲོ། སྤུ་ཧྲེང་ཤོམ་ལྭ་སོགས་ཀྱི་རིག་གནས་རྒྱུད་འཛིན་གྱི་ཁྲོད་དུ་གཞོལ་ཏེ། རྔམ་མཐུག་པའི་ལོ་རྒྱུས་རིག་གནས་ཀྱི་ཀློང་ནས་འཚོ་བཅུད་སྡུད་ལེན་བྱས་ནས། ཤེས་དཔལ་གྲོང་གསེབ་ཀྱི་རྣམ་པ་གསར་པའི་འོད་མདངས་འཕྲོ་བར་བཅུག
       གུང་ཟས་རྗེས་ཀྱི་ཉི་འོད་དྲོ་ཞིང་འཇམ་ལ། ལྷག་པས་ཁྱིམ་ཚང་མགྲོན་ཁང་ལ “རིམ་འཕར་ལེགས་བཅོས”བྱ་རྒྱུའི་འཆར་བཀོད་འཐེན་བཞིན་ཡོད་དེ། ཁོ་མོས “ཁང་མིག་སོ་སོར་སྒྲིག་བཟོ་གསར་པ་རྒྱག་དགོས་པ་དང་། གསང་སྤྱོད་ཁང་དང་། རང་འབབ་ཆུ། སྐུད་མེད་དྲ་རྒྱ་སོགས་ཡོད་དགོས་པ་དང་། ད་ལྟ་མགྲོན་པོའི་དགོས་མཁོ་ཇེ་མཐོར་སོང་ཡོད་པས་ང་ཚོའང་ཞབས་ཞུའི་རྗེས་སུ་ཆོད་དགོས”ཞེས་བཤད།
       བཟའ་ཟླ་དང་བུ་གཉིས་ཁོམ་ལོང་བྱུང་བའི་དུས་དང་། དགུན་དུས་འགྲུལ་པ་ཅུང་ཉུང་བའི་དུས་སྐབས་བེད་སྤྱད་ནས་ཁོ་ཚོའི “རིམ་སྤར་ལེགས་བཅོས”ཀྱི་འཆར་གཞི་དངོས་སུ་ལག་བསྟར་བྱས་ཏེ། སང་ལོའི་ཡུལ་སྐོར་དར་དུས་ལ་བསུ་མ་བྱ་རྒྱུ་རེད།