ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

ལྷ་སས་མོ་ཊ་འདི་རིགས་ལ་ཞིབ་བཤེར་ནན་པོ་བྱེད་ཀྱི་འདུག

སྤེལ་དུས 2020-10-27 ཡོང་ཁུངས། བོད་ལྗོངས་ཉིན་ཚགས། རྩོམ་པ་པོ།

  རྒྱ་ཆེའི་མི་དམངས་མང་ཚོགས་ལ་སྐྱོན་བྲལ་དང་གོ་རིམ་ལྡན་པའི་འགྲོ་ལམ་སྐྱེལ་འདྲེན་གྱི་ཁྲོམ་རའི་ཁོར་ཡུག་ཅིག་གཏོད་ཆེད། ཉེ་ཆར་ལྷ་ས་གྲོང་ཁྱེར་འགྲོ་ལམ་ཕྱོགས་བསྡུས་ཁྲིམས་འཛིན་ཉིང་ལག་རུ་ཁག་གིས་སྣེའུ་ཁུལ་གསར་སྤྱི་བདེ་ཅུས་དང་མཉམ་དུ་སྣེའུ་ཟམ་ཆེན་ཉེ་འགྲམ་དུ་འགྲོ་འོང་བྱེད་མཁན་མོ་ཊར་ཞིབ་བཤེར་བྱས་པ་རེད། ཉིན་དེའི་སྔ་དྲོའི་ཆུ་ཚོད་9པ་ཙམ་ནས་ཕྱི་དྲོའི་ཆུ་ཚོད་17ཙམ་བར་ལྷ་ས་གྲོང་ཁྱེར་འགྲོ་ལམ་ཕྱོགས་བསྡུས་ཁྲིམས་འཛིན་ཉིང་ལག་རུ་ཁག་གིས་ཁྲིམས་འགལ་གཉེར་སྐྱོང་མོ་ཊ་4ཞིབ་བཤེར་བཀག་ཉར་བྱས་པ་རེད།


  ལྷ་ས་གྲོང་ཁྱེར་འགྲོ་ལམ་ཕྱོགས་བསྡུས་ཁྲིམས་འཛིན་ཉིང་ལག་རུ་ཁག་གྲོང་ཤར་ཁུལ་གྱི་ཁྲིམས་འཛིན་མི་སྣ་ཟླ་བ་ཚེ་རིང་གིས་ངོ་སྤྲོད་བྱས་དོན། ཉེ་ཆར་ལྷ་སའི་མེ་འཁོར་བབས་ཚུགས་དང་། བྱང་འདབས་འགྲུལ་སྐྱེལ་བབས་ཚུགས། བོད་དམག་ཁུལ་ཁང་སྤྱི་ཁྱབ་སྨན་ཁང་སོགས་སུ་གཉེར་སྐྱོང་ལག་ཁྱེར་མེད་པའི་མོ་ཊ་མང་དུ་ཕྱིན་ནས། ཁྲིམས་མཐུན་གྱི་གཉེར་སྐྱོང་མོ་ཊར་ཤུགས་རྐྱེན་ཚབས་ཆེན་བཟོས་ཡོད། དེར་བརྟེན། ལྷ་ས་གྲོང་ཁྱེར་འགྲོ་ལམ་ཕྱོགས་བསྡུས་ཁྲིམས་འཛིན་ཉིང་ལག་རུ་ཁག་གིས་སྤྱི་བདེ་སོགས་སྡེ་ཚན་དང་མཉམ་དུ་གྲོང་ཁུལ་གྱི་གཙོ་གནད་ཁྱབ་ཁོངས་སུ་དུས་ཚོད་གཏན་འཁེལ་མེད་པར་ཞིབ་བཤེར་དང་ཁྲིམས་འཛིན་བྱེད་ཤུགས་སྔར་བས་ཆེ་རུ་བཏང་ནས། འགྲོ་ལམ་སྐྱེལ་འདྲེན་གྱི་སྒྲིག་ལམ་ཚད་ལྡན་དུ་བཏང་ཡོད།

  ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་མཉམ་འབྲེལ་ཁྲིམས་འཛིན་བྱ་སྤྱོད་ལ་སྡེ་ཚན་གཉིས་ཀྱིས་ཁྲིམས་འཛིན་མི་སྣ་20ལྷག་ཙམ་བཏང་ནས་ས་ཆ་དངོས་སུ་གཉེར་སྐྱོང་ལག་ཁྱེར་མེད་པའི་མོ་ཊ་4ཞིབ་བཤེར་བཀག་ཉར་བྱས་པ་རེད། 

  ཟླ་བ་ཚེ་རིང་གིས་ངོ་སྤྲོད་བྱས་པར་གཞིགས་ན། ཁྲིམས་འཛིན་བརྒྱུད་རིམ་ནང་དཔང་རྟགས་རྙེད་དཀའ་བའི་གནད་དོན་འཕྲད་པ་སྟེ། ཁ་ལོ་བ་ཁ་ཤས་ཀྱིས་འགྲུལ་པ་དང་སྔ་ས་ནས་སྐད་ཆ་བྱས་ཏེ་ཁྲིམས་འཛིན་མི་སྣར་དོན་དངོས་སྦ་གསང་བྱེད་ཀྱི་ཡོད་པས། དེས་ཁྲིམས་འཛིན་ལས་དོན་སྤེལ་སྐབས་འགོག་རྐྱེན་བཟོ་གི་ཡོད། དེར་བརྟེན་ཁྲིམས་འཛིན་མི་སྣས་རྒྱ་ཆེའི་ཡུལ་སྐོར་བ་དང་གྲོང་མིར་དྲན་སྐུལ་ཞུ་རྒྱུར། ཁྲིམས་འགལ་གཉེར་སྐྱོང་མོ་ཊས་འགྲོ་ལམ་སྐྱེལ་འདྲེན་ཁྲོམ་རའི་སྒྲིག་ལམ་ཟང་ཟིང་བཟོ་བ་དང་། ཁྲིམས་མཐུན་གྱི་གཉེར་སྐྱོང་བའི་ཁེ་དབང་དང་། འགྲུལ་པའི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་གནོད་འཚེ་བཟོ་གི་ཡོད། ཁྲིམས་འགལ་གཉེར་སྐྱོང་མ་ཊར་འགྲོ་ལམ་ལས་འཛོལ་ཐོན་ཚེ། འགྲུལ་པའི་ཁེ་ཕན་འགན་ལེན་བྱེད་མི་ཐུབ་པས། རྒྱ་ཆེའི་མང་ཚོགས་ཀྱིས་བསམ་བློའི་ངོས་འཛིན་ཟབ་ཏུ་བཏང་ནས་ཁྲིམས་འགལ་གཉེར་སྐྱོང་མོ་ཊར་སྡོད་རྒྱུ་མེད། གལ་སྲིད་ཁྱེད་ཚོར་ཁྲིམས་འགལ་གཉེར་སྐྱོང་མོ་ཊ་འཕྲད་ཚེ། 96123ལ་ཁ་པར་བརྒྱབ་ནས་ཐེར་འདོན་བྱ་ཆོག

  ལྷ་ས་གྲོང་ཁྱེར་འགྲོ་ལམ་ཕྱོགས་བསྡུས་ཁྲིམས་འཛིན་ཉིང་ལག་རུ་ཁག་གི་འགན་འཁུར་བས་ངོ་སྤྲོད་བྱས་དོན། ང་ཚོས་ཁྲིམས་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ་དམ་འཛིན་བྱ་གཞིར་བྱས་ཏེ། ལྷ་ས་གྲོང་ཁྱེར་གྱི་གཙོ་གནད་ས་ཁུལ་དུ་ཁྲིམས་འགལ་གཉེར་སྐྱོང་བྱེད་སྤྱོད་ཡོད་མེད་ལ་ཞིབ་བཤེར་ནན་པོ་བྱས་ནས་འགྲོ་ལམ་སྐྱེལ་འདྲེན་ཁྲོམ་རའི་ཁོར་ཡུག་ལེགས་སུ་གཏོང་བ་དང་། འགྲུལ་པ་སྐྱེལ་འདྲེན་གྱི་བདེ་འཇགས་འགན་ལེན། འགྲོ་ལམ་སྐྱེལ་འདྲེན་ཁྲོམ་རའི་གོ་རིམ་ལྡན་པའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་དང་། ཤར་ནུབ་བཅོས་སྒྲིག་ཁུལ་དབྱེ་བ་དང་། ཕྱོགས་ཡོངས་ལ་ཁྱབ་པར་བྱས་ཏེ། ཐག་རིང་གི་ཞིབ་བཤེར་ས་ཚིགས་དང་ལྷ་ས་གྲོང་ཁྱེར་ནང་ཁུལ་གྱི་ཁྲིམས་འཛིན་ཚོགས་ཆུང་གིས་དུས་གཅིག་ཏུ་ལྟ་སྐུལ་ཞིབ་བཤེར་མཐའ་འཁྱོངས་བྱས་ཡོད། 

  ང་ཚོས་གནས་གཏན་འཁེལ་གྱི་ཞིབ་བཤེར་དང་སྐོར་སྐྱོད་ཞིབ་བཤེར། གཙོ་གནད་དུས་མཚམས་དང་གཙོ་གནད་ས་ཁོངས། དུས་གཏན་འཁེལ་གྱིས་ཞིབ་བཤེར་དང་དུས་ངེས་མེད་ཀྱིས་ཞིབ་བཤེར་བཅས་ལ་བརྟེན་ནས། འགྲུལ་སྐྱེལ་བབས་ཚུགས་དང་། མེ་འཁོར་བབས་ཚུགས། ཡུལ་སྐོར་རིག་གནས་མཛེས་ལྗོངས་ཁུལ། གྲོང་ཁྱེར་དང་གྲོང་གསེབ་སྦྲེལ་མཚམས་ཁུལ་བཅས་གཙོ་གནད་ས་ཁུལ་དང་གཙོ་གནད་ལམ་དུམ་གྱི་ཁྲིམས་འགལ་གཉེར་སྐྱོང་མོ་ཊར་རྡུང་རྡེག་བཅོས་སྒྲིག་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་ཡོད་ཅེས་འགན་འཁུར་བ་དེས་བརྗོད་པ་རེད།
རྩོམ་སྒྲིག་པ། སྣང་རྡོར།