སྟོན་དུས་སུ་གངས་ལྗོངས་ཀྱི་ཡུལ་གྲུ་ཀུན་ཏུ་གསེར་མདོག་གིས་ཡོངས་སུ་བརྒྱན་ཞིང་། ལྷ་སའི་ནུབ་འདབས་སུ་གྲོང་ཁྱེར་གྱི་མི་རྣམས་ཀྱིས་ནང་མི་ཁྲིད་དེ་གླིང་ག་གཏོང་བཞིན་གདའ། ཞབས་ཞུ་བ་མེ་ཏོག་སྒྲོལ་མ“འབྲོག་པའི་སྤྲོ་སྐྱིད་ཁང”དུ་ཕར་འགྲོ་ཚུར་འོང་བྱེད་བཞིན་མགྲོན་པོར་ཇ་བསྲུབས་མ་ཞུ་བ་དང་ནས་ཆང་སྐྱེལ་བར་བྲེལ་བཞིན་མཆིས་ལ། གུར་ནང་ནས་དགའ་སྤྲོའི་གླུ་སྐད་ཡང་ཡང་མཆེད་ཡོང་།
མེ་ཏོག་སྒྲོལ་མ་ནི་བོད་ལྗོངས་ནག་ཆུ་གྲོང་ཁྱེར་ཉི་མ་རྫོང་རོང་དམར་ཞང་རྒྱ་གླིང་སྐྱ་གདུང་གྲོང་ཚོའི་གྲོང་མི་ཡིན་ཡང་། ཁོ་མོའི་ད་ལྟའི་སྡོད་གནས་ནི་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཁུལ་རྒུ་རུམ་གྲོང་རྡལ་དགའ་གྲོང་གྲོང་ཚོར་གནས་པ་དང་། དེ་ནི་ཉི་མ་རྫོང་རོང་དམར་ཞང་གི་ས་བབ་ཆེས་མཐོ་བའི་སྐྱེ་ཁམས་གནས་སྤོའི་བཀོད་སྒྲིག་ས་ཚིགས་ཤིག་ཡིན། 2018ལོའི་ཟླ་6པར་རོང་དམར་ཤང་གི་དུད་ཚང་262ཀྱི་སྡོད་དམངས་ཁྱོན་བསྡོམས་མི་གྲངས་1102གཅིག་སྡུད་ཐོག་གནས་སྤོ་བྱས་ནས་སྤྱི་ལེ་800ཡི་ཕྱི་རོལ་གྱི་དགའ་གྲོང་གྲོང་ཚོར་ཡོང་བ་རེད།
གནས་སྤོ་མ་བྱས་གོང་བྱང་ཐང་གི་རྩྭ་ཐང་ཆེན་པོར་མེ་སྒྲོན་གྱི་ཁྱིམ་དུ་ལུག100ལྷག་ཙམ་དང་ནོར་གནག20ཡོད་ཅིང་། མོ་ཡང་བྱིས་དུས་ནས་བཟུང་ནང་མི་ཚང་མས་རང་བྱུང་ཁམས་ཆེན་མོས་གནང་བའི་རྩྭ་རར་བརྟེན་ནས་འཚོ་བ་སྐྱེལ་གྱིན་ཡོད།
“རོང་དམར་ཤང་གི་སྤྱིའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་ཁྲི4.68ཟིན་པ་དང་དེ་ནི་ཧའེ་ནན་ཞིང་ཆེན་གྱི་སྐམ་སའི་རྒྱ་ཁྱོན་ལས་ཀྱང་ཆེན་པོ་ཡོད་ཅིང་། དེའི་ཁྲོད་ཀྱི་ས་ཆ་མང་པོ་ཞིག་ནི་ཐང་རྒོད་ཡིན། རོང་དམར་ཞང་གི་ཞང་ཀྲང་ཞའོ་ཧུང་ཆང་གིས་དེ་གར་ཆ་སྙོམས་རྒྱ་མཚོའི་ངོས་ལས་མཐོ་ཚད་ སྨི5000ཟིན་པ་དང་མཁའ་དབུགས་ནང་གསོ་རླུང་འདུས་ཚད་ནང་ལོགས་ས་ཁུལ་གྱི་40%ལས་མེད་པས་དབྱར་ཁར་ཡང་ཁ་བ་འབབ་པ་ཡིན། དེར་བརྟེན་ཡུལ་མི་མི་ཉུང་བ་ཞིག་ལ་དྲེག་གྲུམ་རིགས་དང་ཁྲག་ཤེད་མཐོ་བ། སྙིང་ནད་སོགས་ཀྱི་ནད་ཕོག་ཡོད་ཅེས་མཚམས་སྦྱོར་གནང་བ་རེད།
ས་བབ་མཐོ་བ་དང་གནམ་གཤིས་གདུག་རྩུབ་ཆེ་བ། འཚོ་སྡོད་ཁོར་ཡུག་ཞན་པ། ཡུན་རིང་ཕྱུགས་འཚོ་བ་བཅས་ལས་རྩྭ་རའི་ས་བཅུད་ཤོར་བ་དེ་ནི་རོང་དམར་ཞང་ཚུད་པའི་ས་བབ་ཆེས་མཐོ་བའི་ས་ཁུལ་གྱི་མི་མང་པོར་འཕྲད་པའི་ཐུན་མོང་གི་གནད་དོན་ཞིག་རེད། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་དཀའ་གནད་སེལ་ནས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་ཇེ་བརྟན་དུ་གཏོང་ཆེད། བོད་ལྗོངས་ཀྱིས་ལོ་ངོ8ཀྱི་དུས་ཚོད་སྤྱད་དེ་གཞིས་ཀ་རྩེ་དང་ནག་ཆུ། མངའ་རིས་བཅས་ས་ཁུལ་དང་གྲོང་ཁྱེར3གྱི་རྫོང20དང་ཞང་དང་གྲོང་རྡལ97གྱི་མང་ཚོགས་ཁྲི13ལྷག་ཙམ་ལ་ས་བབ་ཆེས་མཐོ་བའི་སྐྱེ་ཁམས་གནས་སྤོ་བྱ་རྒྱུའི་འཆར་གཞི་བཀོད་པ་དང་རོང་དམར་ཞང་ནི་གནས་སྤོས་ས་ཁུལ་དང་པོར་གྱུར་ཡོད།
ཡངས་ཤིང་རྒྱ་ཆེ་བའི་རྩྭ་ཐང་ཆེན་པོ་ནས་ས་ཁྱོན་མུའུ1000ལྷག་ཙམ་ཟིན་པའི་བཀོད་སྒྲིག་བྱ་ཡུལ་དུ་སླེབས་ཤིང་། གནས་སྤོས་ཁྱིམ་དུད་རེ་རེར་མི་རེར་ཆ་སྙོམས་སུ་སྨི་གྲུ་བཞི་མ25ལས་མི་བརྒལ་བའི་ཚད་གཞི་ལྟར་ཁང་པ་གསར་པ་རེ་བགོས་ནས་ཆུ་གློག་དུད་ཚང་ནང་འཐེན་པ་དང་དྲ་རྒྱ་ཁྱབ་པ། བཀོད་སྒྲིག་བྱ་ཡུལ་གྱི་སྨན་དོན་ཁང་དང་བྱེད་སྒོ་ལྟེ་གནས་སོགས་ཚང་མ་འཛོམས་ཡོད་པས་ཡུལ་མི་ཚོས་སྡོད་གནས་ཀྱི་གནད་དོན་ལ་སེམས་ཁྲལ་བྱེད་མི་དགོས་པ་སྨོས་མེད་རེད།
འོན་ཀྱང་ཚང་མས་སེམས་ཁྲལ་ཆེ་ཤོས་ཤིག་ནི་སྲོལ་རྒྱུན་གྱི་ཕྱུགས་འཚོ་མཚམས་བཞག་པས་སླད་ཕྱིན་གྱི་འཚོ་བ་གང་འདྲ་ཞིག་སྐྱེལ་དགོས་སམ་ཞེ་ན། ནག་ཆུ་གྲོང་ཁྱེར་སྲིད་གཞུང་གིས་ཐོན་ལས་མ་དངུལ་སྒོར་ཁྲི5000ལྷག་ཙམ་གྲབས་གསོག་བྱས་ཏེ་རོང་དམར་ཞང་གི་ཡུལ་གསར་པའི་མཐའ་འཁོར་དུ་འབྲི་མོ་གསོ་ཚགས་ར་བ་དང་ལུག་གསོ་ར་བ་གསར་སྐྲུན་བྱས་ནས་མི་སྣ་སྒྲིག་འཛུགས་བྱས་ཏེ“འབྲོག་ཁྱིམ་སྤྲོ་སྐྱིད་ཁང”འཕེལ་རྒྱས་བཏང་ཞིང་། བཀོད་སྒྲིག་ས་ཚིགས་དང་བར་ཐག་སྤྱི་ལེ་གཉིས་གསུམ་ཙམ་ཡོད་པའི་མཚམས་ནི་ལྷ་ས་གྲོང་ཁྱེར་གྱིས་གསར་སྐྲུན་བྱས་པའི་“ཞང་ཞུང་མེ་ཏོག”གི་མཛེས་ལྗོངས་ཁུལ་ཆེ་གྲས་དེ་རེད། ནག་ཆུ་གྲོང་ཁྱེར་སྲིད་གཞུང་དང་གྲོང་ཁྱེར་གནས་སྤོ་གཞུང་དོན་ཁང་གིས་རང་འགུལ་ངང་འབྲེལ་མཐུད་བྱས་པར་བརྟེན་རོང་དམར་ཞང་གིས་ཡུལ་མི80སྒྲིག་འཛུགས་བྱས་ནས་མཛེས་ལྗོངས་ཁུལ་དུ་མི་རིགས་ཀྱི་ཞབས་བྲོ་དང་རྩྭ་ཐང་གི་རྟ་རྒྱུག་མདའ་འཕེན་འཁྲབ་སྟོན་བྱེད་པར་བསྐྱོད་ཡོད།

“ང་ཚོས་ཐོན་ལས་འཕེལ་རྒྱས་དང་ལས་ཞུགས་བཀོད་སྒྲིག་བྱ་རྒྱུ་དེ་གནས་སྤོའི་རྗེས་མཐུད་ལས་དོན་གྱི་ཨང་དང་པོར་བཞག་ཡོད། ལས་གཉེར་བྱེད་འགོ་ཚུགས་ནས་ཡུན་རིང་མ་འགོར་བའི“འབྲོག་ཁྱིམ་སྤྲོ་སྐྱིད་ཁང”གི་ཉམས་ལེན་གུར་ཁྱིམ་ནང་དུ་ཞའོ་ཧུང་ཆང་གིས་བཀོད་སྒྲིག་བྱ་ཡུལ་གྱི་ཐོན་ལས་བཀོད་སྒྲིག་ག་ལེར་མཚམས་སྦྱོར་གནང་།
“རོང་དམར་ཞང་གི་མི་རྣམས་གནས་སྤོ་བྱས་རྗེས་ང་ཚོས་ཡུལ་མི་རྣམས་ལ་མ་རྐང་འཇོག་པའི་ཐུན་མོང་གི་ཁེ་ལས་ཤིག་བཙུགས་ཏེ་ནོར་ལུག་ལྷག་མ་རྣམས་ཕྱུགས་འཚོ་བ་དང་བདག་གཉེར་བྱེད་འགན་འཁུར་བ་དང་། ད་རུང་ལུག་གསོ་ར་བ་ཞིག་བཙུགས་ཏེ་ལུག་རྣམས་ལྷ་སར་མ་བཙོངས་གོང་གསོ་ཚགས་ར་བར་བཞག་ནས་ཟླ་བ་གསུམ་རིང་མགྱོགས་མྱུར་སྒོས་ཚོན་པོ་ཆགས་སུ་འཇུག་གིན་ཡོད།” ཞའོ་ཧུང་ཆང་གིས་བྱང་ཐང་ནས་ཐོན་པའི་ལུག་ཤ་སྙི་ཞིང་ཞིམ་པས་སྐུ་མགྲོན་ཚོས་ཧ་ཅང་དགའ་པོ་བྱེད་ཀྱིན་ཡོད་ཅེས་བཤད།
ཉེ་སྔོན་བཀོད་སྒྲིག་ས་ཚིགས་ཀྱིས་དབུལ་སྐྱོར་རླངས་འཁོར་འཇོག་སའི་རྣམ་གྲངས་ལག་བསྟར་བྱེད་འགོ་ཚུགས་པ་དང་ལས་གྲྭ་འཛུགས་སྐྲུན་དེ་དགུན་ཁ་མ་སླེབས་གོང་མཇུག་སྒྲིལ་ཐུབ། མཚོ་བོད་གཞུང་ལམ་དང་ཐག་ཉེ་བས་རླངས་འཁོར་འཇོག་ས་དང་། ཞག་སྡོད། བཟའ་བཏུང་། གཟུགས་པོ་འཁྲུ་ས་སོགས་ཀྱི་ནུས་པ་གཞི་གཅིག་ཏུ་འདུས་པའི་ས་ཚིགས་དེ་ཟོག་འདྲེན་རླངས་འཁོར་ལྷ་སར་མ་བསྐྱོད་གོང་གི་ངལ་གསོའི་ས་ཚིགས་གལ་ཆེན་ཞིག་ཏུ་འགྱུར་རྒྱུ་རེད། དེ་གོང་བཀོད་སྒྲིག་ས་ཚིགས་ཀྱི་ཁྲོམ་གཞུང་རྒྱུད་དུ་བསྐྲུན་པའི་དབུལ་སྐྱོར་སྒོ་བསྟེན་ཚོང་ཁང་བཅུ་ཕྲག་ཁ་ཤས་ཀྱིས་ཀྱང་རླངས་འཁོར་འཇོག་ས་གཉེར་སྐྱོང་བྱས་པ་དང་བསྟུན་ནས་ཚོང་བྲིན་པོ་ཡོང་རྒྱུའི་རེ་བ་བྱེད་ཀྱིན་ཡོད།
ཞའོ་ཧུང་ཆང་གིས་མི་རྣམས་གནས་སྤོ་བྱས་པ་ནས་བཟུང་རོང་དམར་ཞང་གི་ངལ་རྩོལ་ནུས་ཤུགས654ཡོད་པ་དང་མི403ལས་ཞུགས་གཞན་སྒྱུར་བྱས་ཡོད། “མ་འོངས་པར་ཕན་ཚུན་རོགས་འདེགས་དང་སྦྲེལ་ཐག་ཆགས་པའི་ཐོན་ལས་རྣམ་གྲངས་དེ་དག་གཉེར་སྐྱོང་གནད་སྨིན་འཐུས་ཚང་བྱུང་བ་དང་ཆབས་ཅིག་རོང་དམར་ཞང་གི་ངལ་རྩོལ་ནུས་ཤུགས་ཚང་མ་རང་ཁྱིམ་གྱི་སྒོ་འགྲམ་དུ་ལས་ཞུགས་ཐུབ་པར་མངོན་འགྱུར་ཡོང་བའི་རེ་བ་བྱེད་ཀྱིན་ཡོད”ཅེས་མཚམས་སྦྱོར་གནང་བ་རེད།
དབུལ་པོའི་གནས་ཚང་སྤོ་བ་དང་དབུལ་པོའི་ལས་རིགས་བརྗེ་བ་གཉིས་ཀ་མཉམ་དུ་སྤེལ་ཞིང་བདེ་སྡོད་དང་ལས་བརྩོན་གཉིས་ཀ་མཉམ་དུ་གལ་ཆེ་རུ་བཟུང་སྟེ། བོད་རང་སྐྱོང་ལྗོངས་ཀྱིས་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བྱེད་རིང་མང་ཚོགས་དབུལ་པོ་གནས་སྤོ་ཐུབ་པ་དང་བརྟན་པོ་ཡོང་བ་བྱས་ནས་རིམ་བཞིན་ཕྱུག་འགྱུར་ཡོང་བ་བྱས་ཡོད། ས་གནས་ཁག་གིས་ཐོན་ལས་འཕེལ་རྒྱས་གཏོང་བ་དང་། རྩལ་ནུས་གསོ་སྦྱོང་བྱེད་པ། ལས་ཞུགས་གཞན་སྒྱུར་སྒྲིག་འཛུགས་བྱེད་པ་སོགས་ཀྱི་བྱ་ཐབས་བརྒྱུད། མིག་སྔར་ཡུལ་གཞན་དུ་གནས་སྤོས་བྱས་པའི་དབུལ་སྐྱོར་གྱི་མི་འབོར་དབུལ་པོ་ཁྲི12.3ལས་ཞུགས་བྱས་ནས་ངལ་རྩོལ་ནུས་པ་ཡོད་པའི་མི་གྲངས་ཀྱིས87%ཟིན་ཡོད།