ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

སྐྱིད་ཟུར་ལགས་ཀྱི་སྒྲུང་གཏམ་ཕྱོགས་བསྒྲིགས།

སྤེལ་དུས 2020-11-16 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། བདེ་སྒྲོལ།
          ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན།    ཟླ10པའི་ཚེས14ཉིན། སྐྱིད་ཟུར་ལགས་ཀྱི་སྒྲུང་གཏམ་ཕྱོགས་བསྒྲིགས་ཀྱི་དེབ་ཕུད་འགྲེམས་ཚོགས་དེ་ལྷ་སར་འཚོགས་ཤིང་། བོད་ལྗོངས་རིག་རྩལ་ལྷན་ཚོགས་ཀྱི་དབུ་ཁྲིད་དང་། བོད་ལྗོངས་དཔེ་མཛོད་ཁང་གི་འགན་འཁུར་བ། བོད་ལྗོངས་དམངས་ཁྲོད་རྩོམ་རིག་དུས་དེབ་སྤང་རྒྱན་མེ་ཏོག་གི་རྩོམ་སྒྲིག་པ། རྩོམ་པ་པོ། སྨྱན་སྦྱོར་ཚན་པ་ཁག་གི་གསར་འགོད་པ། དེ་མིན་དཔེ་དེབ་ལྟ་ཀློག་ལ་མོས་པའི་ཀློག་པ་པོ་སོགས་ཁྱོན་མི་གྲངས100ཙམ་དེབ་ཕུད་འགྲེམས་ཚོགས་ཀྱི་ཡུལ་དངོས་སུ་སླེབས་ཡོད་པ་རེད།
 
དེབ་ཕུད་འགྲེམས་སྤེལ་ཚོགས་འདུའི་ཡུལ་དངོས།
       སྐྱིད་ཟུར་ལགས་ཀྱི་སྒྲུང་གཏམ་ཕྱོགས་བསྒྲིགས་དེ་ནི་དེ་སྔོན་སྐུ་གཤེགས་པའི་བོད་ཀྱི་མཁས་དབང་དང་རྩོམ་པ་པོ་རྡོ་དགོན་གསང་བདག་རྡོ་རྗེ་མཆོག་དང་། སྐྱིད་ཟུར་ལགས་ཁེ་ལས་ཚད་ཡོད་སྤྱི་གཉེར་ཀུང་སིའི་སྤྱི་གཉེར་བ། གཞོན་སྐྱེས་ལས་གཏོད་པ་ས་སེང་བསོད་ནམས་རྒྱལ་མཚན་གཉིས་ཀྱིས་འཚོལ་ཞིབ་དང་། བསྡུ་སྒྲིག རྩོམ་སྒྲིག་བཅས་བྱས་པ་ཞིག་ཡིན་ཞིང་། ཉེ་དུས་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་དངོས་སུ་དཔེ་སྐྲུན་འགྲེམས་སྤེལ་བྱས།
 
མཁས་དབང་རྡོ་དགོན་གསང་བདག་རྡོ་རྗེ་མཆོག་དང་ས་སེང་བསོད་ནམས་རྒྱལ་མཚན་གཉིས་ཀྱི་མཉམ་པར།
      དེབ་འདི་ཁྱོན་སྒྲུང་གཏམ42ལས་གྲུབ་ཅིང་། རྩོམ་དང་རི་མོ་མཉམ་འདྲེས་ཀྱི་རྣམ་པའི་ཐོག་ནས། དེ་སྔོན་སྔོག་འདོན་བྱེད་མ་ཐུབ་པའམ་དུས་དེབ་ཁག་ཏུ་ཁ་ཐོར་དུ་གནས་པའི་སྐྱིད་ཟུར་ལགས་ཀྱི་སྒྲུང་གཏམ་དག་གཅིག་ཏུ་བསྡུས་ཏེ། ཅུང་འཐུས་སྒོ་ཚང་བའི་སྒོ་ནས་དེབ་ཏུ་བསྒྲིགས་པ་ཞིག་ཡིན་པས། སྐྱིད་ཟུར་ལགས་ཀྱི་སྒྲུང་གཏམ་ཕྱོགས་བསྒྲིགས་ཀྱི་དཔེ་དེབ་དཔར་སྐྲུན་བྱས་པ་དེས། ཁ་ཐོར་དུ་ལུས་པའི་སྐྱིད་ཟུར་ལགས་ཀྱི་སྒྲུང་གཏམ་དག་ལ་ཐུན་མོང་གི་ཁྱིམ་གཞིས་ཤིག་བསྐྲུན་པ་དང་གཉིས་སུ་མེད་ལ། དམངས་ཁྲོད་ཀྱི་ངག་རྒྱུན་དུ་གནས་པའི་སྐྱིད་ཟུར་ལགས་ཀྱི་སྒྲུང་གཏམ་མྱུར་སྐྱོབ་དང་། དག་སྒྲིག་སོགས་ལ་ཕན་ནུས་མི་དམན་པ་ཐོན་རྒྱུ་སྨོས་མེད་རེད། སྐྱིད་ཟུར་ལགས་ཀྱི་སྒྲུང་གཏམ་ཕྱོགས་བསྒྲིགས།
 
སྐྱིད་ཟུར་ལགས་ཀྱི་སྒྲུང་གཏམ་ཕྱོགས་བསྒྲིགས།

སྐྱིད་ཟུར་ལགས་ཀྱི་སྒྲུང་གཏམ་ཕྱོགས་བསྒྲིགས།
          སྐྱིད་ཟུར་ལགས་ནི་རྩོམ་རྒྱག་པའི་ཚེ་རིག་པའི་ཀློང་བརྡོལ་བ་ལྟར། བྱ་དངོས་ཁྱད་པར་ཅན་དེ་མཐོང་མ་ཐག་དེ་མུར་དེའི་སྣང་ཚུལ་གང་ཡིན་པ་མངོན་སུམ་གཟུགས་ཅན་བཞིན་དུ་ལྗགས་རྩོམ་ཐོགས་པ་མེད་པར་གནང་ཐུབ་མཁན་ཞིག་རེད། ཁོང་གི་རྩོམ་དག་ནི་སྐབས་དེའི་སྤྱི་ཚོགས་ཀྱི་ལམ་ལུགས་ངན་པ་དང་བྱ་སྤྱོད་ངན་པར་ཟུར་ཟ་བྱེད་པ་ཞིག་ཡིན་པས། ནང་དོན་ཕུན་སུམ་ཚོགས་ལ་ཚིག་སྦྱོར་སྙན་འཇེབས་ལྡན་པ་དང་། བཞད་གད་ཉམས་ཀྱིས་རབ་ཏུ་ཕྱུག་ཅིང་། ཐོས་པ་ཙམ་གྱིས་དགོད་བྲོ་བ། ཡུལ་དུས་ཀྱི་གནས་ལུགས་གང་ཡིན་པ་རྗེན་པར་སྟོན་ནུས་པས། དམངས་ཁྲོད་དུ་དར་ཁྱབ་ཆེན་པོ་ཡོད། “ད་རེས་ངས་ཁ་ཐོར་དུ་ལུས་པའི་སྐྱིད་ཟུར་ལགས་ཀྱི་སྒྲུང་གཏམ་ཕྱོགས་སྒྲིག་བྱས་པའི་དམིགས་ཡུལ་ནི། བོད་ཀྱི་དམངས་ཁྲོད་རྩོམ་རིག་གི་བང་མཛོད་ནང་འོད་ཆེམ་ཆེམ་འཕྲོ་བའི་མུ་ཏིག་ལྟ་བུའི་ནོར་བུ་དེ་བོར་བརླག་མི་ཡོང་བའི་ཆེད་ཡིན”ཞེས་བསོད་ནམས་རྒྱལ་མཚན་གྱིས་དཔེ་དེབ་འདི་དཔེ་སྐྲུན་བྱེད་པའི་ཀུན་སློང་སྐོར་གླེང་སྐབས་གསར་འགོད་པར་འདི་ལྟར་བརྗོད་བྱུང་། ལྷག་པར་དུ་དེབ་འདིའི་སླད་དུ་སྐུ་ལས་བསྐྱོན་མཁན་རྒན་རྡོ་དགོན་གསང་བདག་རྡོ་རྗེ་ལགས་ལ་བཀའ་དྲིན་ཆེ་ཞུ་བ་དང་། དེ་མིན་བོད་ཀྱི་རྩོམ་པ་པོ་གྲགས་ཅན་བྲག་གདོང་བཀྲས་གླིང་དབང་རྡོར་ལགས་དང་། ཕུན་ཚོགས་བཀྲ་ཤིས་ལགས་རྣམ་གཉིས་ཀྱིས་སྔོན་ཆད་བསྡུ་སྒྲིག་གནང་བའི་སྐྱིད་ཟུར་ལགས་ཀྱི་ལྗགས་རྩོམ་རྣམས་གསོལ་རས་གནང་བར་བཀའ་དྲིན་ཆེ་ཞུ། ཁོང་རྣམ་པའི་བཀའ་དྲིན་གྱིས་དེབ་འདི་གཞི་ནས་འཇིག་རྟེན་འདིར་བལྟམས་ཐུབ་པ་བྱུང་བ་རེད་ཅེས་བཤད། 

བྲག་གདོང་བཀྲས་གླིང་དབང་རྡོར་དང་བོད་རང་སྐྱོང་ལྗོངས་རིག་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་གཉིས་ཀྱིས་དེབ་ཕུད་འགྲེམས་སྤེལ་བྱེད་བཞིན་པ། 

བོད་ལྗོངས་དཔེ་མཛོད་ཁང་གི་འགན་འཁུར་བ་ཚེ་བརྟན་བུ་ཁྲིད་ཀྱིས་ས་སེང་བསོད་ནམས་རྒྱལ་མཚན་ལ་དཔེ་དེབ་ཉར་ཚགས་དཔང་ཡིག་སྤྲོད་བཞིན་པ།
       བྲག་གདོང་བཀྲས་གླིང་དབང་རྡོར་ལགས་ཀྱིས་ཐོག་མར་སྐྱིད་ཟུར་ལགས་ཀྱི་སྒྲུང་དེབ་དེ་དཔེ་སྐྲུན་འགྲེམས་སྤེལ་ཐུབ་པར་བཀྲ་ཤིས་བདེ་ལེགས་ཞུས་གནང་བ་དང་། ཁོང་གིས། སྐྱིད་ཟུར་ལགས་ཀྱི་བཀའ་རྩོམ་དེ་དག་བསྡུ་རུབ་བྱེད་པའི་ལས་ཀ་དེ་ད་ལྟ་འགོ་བཙུགས་པ་ཙམ་རེད། ང་ཚོས་མུ་མཐུད་དུ་སྐྱིད་ཟུར་ལགས་ཀྱི་སྒྲུང་གཏམ་འཚོལ་སྡུད་བྱེད་དགོས་ཞེས་འབོད་སྐུལ་གནང་། གཞན་བོད་ལྗོངས་དཔེ་མཛོད་ཁང་གི་འགན་འཁུར་བ་ཚེ་བརྟན་བུ་ཁྲིད་ཀྱིས་ས་སེང་བསོད་ནམས་རྒྱལ་མཚན་ལ་སྐྱིད་ཟུར་ལགས་ཀྱི་སྒྲུང་གཏམ་ཕྱོགས་སྒྲིག་གི་དེབ་འདི་དཔེ་མཛོད་ཁང་དུ་ཉར་བའི་ཉར་ཚགས་དཔང་ཡིག་སྤྲད་པ་རེད།
      འགྲེམས་སྤེལ་ཚོགས་འདུའི་ཐོག་ཁ་བཏགས་དཀར་པོ་རོལ་དབྱངས་ཚོགས་པས་ནང་མ་སྟོད་གཞས་འཁྲབ་སྟོན་དང་། གཙོ་སྐྱོང་པས་སྙན་ངག་གྱེར་འདོན་བྱེད་པ། སྐྱིད་ཟུར་ལགས་ཀྱི་སྒྲུང་གཏམ་ནང་གི་ཚིགས་བཅད་ཤོ་ལོ་ཀ་ཁ་སྐོང་གི་རོལ་རྩེད་སོགས་ཀྱི་བྱེད་སྒོ་སྣ་ཚོགས་སྤེལ་བར། དེར་བཞུགས་སྐུ་མགྲོན་དང་ཀློག་པ་པོའི་གདེང་འཇོག་དང་དགའ་བསུ་ཆེན་པོ་ཐོབ། ཕྱིས་འབྱུང་ས་སེང་བསོད་ནམས་རྒྱལ་མཚན་གྱིས་མུ་མཐུད་དུ་སྐྱིད་ཟུར་ལགས་དང་འབྲེལ་བའི་རིག་གནས་སྔོག་འདོན་དང་། མྱུར་སྐྱོབ། རྒྱུན་འཛིན། དར་སྤེལ་བཅས་གཏོང་ཤུགས་ཆེ་རུ་གཏོང་བ་དང་། ལས་གཏོད་པ་ཞིག་གི་ངོས་ནས་རང་ནུས་ཅི་ལྕོགས་ཀྱིས་བོད་ཀྱི་རིག་གནས་དང་། ཁོར་ཡུག་སྲུང་སྐྱོབ་སོགས་ཀྱི་སླད་དུ་འབད་འབུངས་ཧུར་ཐག་བྱས་དང་བྱེད་མུས་ཡིན་ནོ།།
རྩོམ་སྒྲིག་པ། བདེ་སྒྲོལ།