དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

དཀའ་བ་སྤྱད་ནས་བྱ་གཞག་བཏོད། བདེ་སྐྱིད་འཚོ་བ་དེ་ལས་བྱུང་།

སྤེལ་དུས 2020-11-16 ཡོང་ཁུངས། བོད་ལྗོངས་ཉིན་ཚགས། རྩོམ་པ་པོ།
          ད་ལོ་ལོ་38ལ་སླེབས་པའི་བསྟན་པ་མཐར་ཕྱིན་ནི་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་གནས་ཆུང་གྲོང་རྡལ་འབྲོག་མ་གྲོང་ཚོ་ནས་ཡིན་ཞིང་། ཆུང་བྱིས་པའི་དུས་སུ་ཁོང་གི་ཁྱིམ་ཚང་དབུལ་ཞིང་ཕོངས་པས་སློབ་ཆུང་ལོ་རིམ་བཞི་པ་ནས་སློབ་མཚམས་བཞག་དགོས་བྱུང་། དེའི་རིང་སྐབས་རེ་གླ་པར་འགྲོ་བ་དང་དུས་ཚོད་ཕལ་ཆེ་བ་ཁྱིམ་དུ་ཞིང་ལས་བྱས་ནས་བསྡད། ལོ་20ལ་སླེབས་སྐབས་མུ་མཐུད་ནས་འཚོ་བ་དེ་འདྲ་སྐྱེལ་འདོད་མེད་པའི་ཁོང་གིས་མ་བྱན་དང་། གྱོན་གོས་འཚོང་མཁན། ས་ཁྲོམ་འདོན་མཁན་སོགས་ལས་ཀ་འདྲ་མིན་སྣ་ཚོགས་བྱེད་མྱོང་ཡོད།

          བསྟན་པ་མཐར་ཕྱིན་དང་ཁོང་གི་ཆུང་མ་འཛོམས་སྐྱིད་ཀྱིས་ཞིང་པའི་སྤྲོ་སྐྱིད་ཁང་གི་སྐོར་ལ་གྲོས་བསྡུར་བྱེད་བཞིན་པ།
          ད་ཆ་བཟའ་ཚོ་གཉིས་ཀྱི་ཐུན་མོང་འབད་བརྩོན་འོག ཁོང་ཚོ་གྲོང་ཚོའི་ཕྱུག་འགྱུར་སྣེ་ཁྲིད་པར་གྱུར་ལ། སྔར་སོང་གི་ཉམས་མྱོང་དག་ད་ཆ་ཁོང་གི་མི་ཚེའི་མཆོག་ནོར་དུ་གྱུར་ཡོད།
          མ་བྱན་བྱས་པའི་ལོ་ཟླར་ཕྱིར་དྲན་བྱེད་བཞིན་བསྟན་པ་མཐར་ཕྱིན་གྱིས། སྐབས་དེ་དུས་གླ་ཆ་སྒོར་5000ནས་6000བར་ཡོད་པ་དང་གཞུང་ལས་པ་དཀྱུས་མ་ཞིག་གི་ཐོབ་ཐང་དང་འདྲ་པོ་ཡོད། གཉེན་ཉེ་དང་གྲོགས་པོ་མང་པོས་སློབ་ཆུང་ཡང་ཐོན་མེད་པའི་ཁོང་ལ་གླ་ཆ་མཐོ་བའི་ལས་ཀ་དེ་འདྲ་རག་པར་བློ་ཡིད་ཚིམ་པ་དང་ལས་ཀ་ཏན་ཏན་ཏིག་ཏིག་བྱེད་དགོས་པའི་ངོས་འཛིན་བྱེད་ཀྱི་ཡོད་ཅེས་བརྗོད་བྱུང་།

          བསྟན་པ་མཐར་ཕྱིན་ལ་ཐོབ་པའི་གཟི་བརྗིད་མཚན་སྙན་ལག་ཁྱེར།
          འོན་ཀྱང་སྐབས་དེར་བསྟན་པ་མཐར་ཕྱིན་ལ་བསམ་ཚུལ་གསར་པ་ཞིག་རྙེད།
          2010ལོར་གྲོགས་པོ་ཞིག་གི་ས་ནས་བོད་བྱ་གསོས་ན་ཡོང་འབབ་ཡག་པོ་ཡོད་པ་ཐོས། བསྟན་པ་མཐར་ཕྱིན་གྱིས་ཡོང་འབབ་ཡག་པོ་ཡོད་ན་རང་ཉིད་ཀྱིས་བོད་བྱ་གསོ་ཚགས་བྱེད་སྟངས་སྦྱངས་ན་མ་འགྲིག་པ་ཅི་ཡོད་དམ། དེས་མ་ཚད་རང་ཉིད་བོད་བྱར་རྒྱུས་མངའ་ཕྲན་ཙམ་ཡོད་ལ། སྟོད་ལུང་བདེ་ཆེན་ཆུས་སུ་བོད་བྱ་གསོ་མཁན་ཡང་ཡོད་པས་རང་ཉིད་ཀྱིས་མ་ཤེས་ན་ཁོང་ཚོའི་ས་ནས་སྦྱངས་ཆོག་པའི་བསམ་བློ་འཁོར། དེ་ནས་ཁོང་གིས་སེམས་ཐག་བཅད་དེ་གྲོང་ཚོའི་ནང་དུ་བྱ་གསོ་ར་བ་བཙུགས།
          བྱ་བ་ཐམས་ཅད་འགོ་འཛུགས་པར་དཀའ་ཞེས་པའི་དཔེ་ལྟར། བྱ་གསོ་ར་བ་རྒྱག་སྐབས། བསྟན་པ་མཐར་ཕྱིན་གྱིས་གསོག་དངུལ་ཕྲན་བུ་དེས་བྱ་ཚང་ཞིག་ཀྱང་རྒྱག་རྒྱུ་མི་འདང་བ་ཤེས། དེ་ནས་ཁོང་གིས་དགའ་ཉེ་སྤུན་མཆེད་ཀྱི་ས་ནས་སྒོར་ཁྲི་14གཡར་ཏེ་བྱ་ཚང་བརྒྱབ་པ་དང་དེ་ནས་རྒྱུད་བཟང་བོད་བྱའི་བྱ་ཕྲུག་འཚོལ་བའི་ལས་ལ་ཞུགས།
          “སྐབས་དེ་དུས་བོད་བྱར་རྒྱུས་མངའ་ཕྲན་ཙམ་ཡོད་ཀྱང་བོད་བྱ་ཆེད་ལས་གསོ་ཚགས་བྱེད་པར་ད་དུང་མི་འདང་ས་མང་པོ་ཡོད། དང་ཐོག་ངས་བྱ་དེ་དཀར་པོ་དེ་བོད་བྱར་བརྩིས་ནས་ཉོས་པས་གྱོང་གུན་སྒོར་ཁྲི་ཁ་ཤས་ཕོག་བྱུང”བྱ་གཞག་ཐོག་མར་གཏོད་པའི་སྐབས་ཀྱི་དཀའ་ངལ་ལ་ཕྱིར་དྲན་བྱེད་སྐབས་བསྟན་པ་མཐར་ཕྱིན་གྱིས། ངས་ཕྲན་ཙམ་མ་གཏོགས་ཕྱིར་བཤོལ་བྱ་རྩིས་བྱས་པ་ཡིན་ཞེས་བརྗོད།

          བསྟན་པ་མཐར་ཕྱིན་གྱི་བྱ་གསོ་ར་བ(གཡས)དང་སྐྲུན་བཞིན་པའི་ཞིང་པའི་སྤྲོ་སྐྱིད་ཁང(གཡོན)
          གྲུབ་འབྲས་ཐོབ་པའི་ལམ་བུའི་ཐོག་དཀའ་ཚེགས་ཡང་ཡང་འཕྲད་ནའང་། བསྟན་པ་མཐར་ཕྱིན་ཡིད་ཐང་གཏན་ནས་ཆད་མྱོང་མེད། ཁོང་གིས་ལྷ་སའི་བྱ་གསོ་ར་བར་བསྐྱོད་དེ་གསོ་ཚགས་ལག་རྩལ་སྦྱངས་པ་དང་དེ་ནས་སྒྲིག་ཆས་གསར་པ་ནང་འདྲེན་དང་ཐབས་ཤེས་ཁོང་དུ་ཆུད་པར་བྱས། དེའི་ནང་ད་དུང་ཁོང་ལ་མ་དངུལ་མི་འདང་བ་སོགས་ཀྱི་དཀའ་ངལ་འཕྲད། ས་གནས་དེ་གའི་སྲིད་གཞུང་གི་རོགས་རམ་འོག ཁོང་གིས་རོགས་སྐྱོར་མ་དངུལ་འདུན་ཞུ་ཐུབ་ནས་བྱ་གསོ་ར་བ་རྒྱུན་གཏན་ལྟར་འཁོར་རྒྱུག་ཐུབ་ཡོད། “ང་ལ་དཀའ་ངལ་ཆེན་པོ་འཕྲད་པའི་སྐབས་སུ་སྲིད་གཞུང་གིས་རོགས་རམ་གནང་བྱུང་། དེར་བརྟེན་གཞི་ནས་དེ་རིང་གི་གྲུབ་འབྲས་ཐོབ་པ་རེད”ཅེས་བསྟན་པ་མཐར་ཕྱིན་གྱིས་བཀའ་དྲིན་ཚོར་བཞིན་དུ་དེ་ལྟར་བརྗོད།

          བསྟན་པ་མཐར་ཕྱིན་གྱིས་འགན་གཙང་བླངས་པའི་ལམ་བུ་སྐྲུན་བཞིན་པ།
          2012ལོ་ནས་བཟུང་བསྟན་པ་མཐར་ཕྱིན་གྱིས་བྱ་གསོ་ར་བའི་ཡོང་འབབ་ཁྲོད་ནས་ལོ་ལྟར་དངུལ་ཏོག་ཙམ་བཏོན་ཏེ། གྲོང་ཚོའི་དུད་ཚང་དབུལ་པོ་30ལ་དངུལ་དང་། འབྲས། སྣུམ་སོགས་སྤྲོད་ཀྱི་ཡོད། ཕྱིས་སུ་ཁོང་གིས་ཡུལ་མི་སྤུན་ཟླ་རྣམས་དབུལ་སྒྲོལ་བྱེད་པར་ངེས་པར་དུ་དབུལ་སྒྲོལ་ལག་ཤེས་སྣ་གཅིག་ཤེས་དགོས་པའི་ངོས་འཛིན་བྱུང་བ་རེད། དེར་བརྟེན་2015ལོར་བསྟན་པ་མཐར་ཕྱིན་གྱིས་དུད་ཚང་དབུལ་པོ་རེར་བྱ་ཕྲུག་15རེ་སྤྲད་ནས་ཁོང་ཚོར་གསོ་ཚགས་ལག་རྩལ་སློབ་པ་དང་ཁོང་ཚོར་རང་ཉིད་ཀྱི་ལག་གཉིས་ལ་བརྟེན་ནས་དབུལ་སྒྲོལ་བྱེད་དགོས་པའི་སྐུལ་མ་བཏང་།

          འཛོམས་སྐྱིད་ཀྱིས་བྱ་གསོ་ར་བར་བོད་བྱའི་སྒོ་ང་བསྡུ་བཞིན་པ།
          2017ལོར་འབྲོག་མ་གྲོང་ཚོའི་ཚོགས་ཆུང་བཞི་པའི“གཉིས་ལྡན་དུད་སྦྲེལ”གྱི་སྤྱི་མིར་གྱུར་རྗེས། བསྟན་པ་མཐར་ཕྱིན་གྱི་མིག་རྒྱང་དེ་བས་རིང་དུ་ཕྱིན། རང་ཉིད་ཀྱིས་གཡོས་སྦྱོར་གྱི་ལག་རྩལ་ཤེས་པས་ཁོང་གིས་གྲོང་ཚོའི་ནང་ཟ་ཁང་བཙུགས་པ་དང་དེའི་ཞོར་ལ་དུད་ཚང་དབུལ་པོར་སློབ་ཡོན་མི་དགོས་པར་གཡོས་སྦྱོར་ལག་རྩལ་བསླབས།
          ཕྱུག་པོ་ཆགས་པའི་བསྟན་པ་མཐར་ཕྱིན་ལ་སླར་ཡང་བསམ་ཚུལ་གསར་པ་ཞིག་རྙེད་ཅིང་། ཁོང་གིས་ཟ་ཁང་བཙུགས་པ་དང་ལས་གྲྭ་འགན་གཙང་བླངས་པ་ཕུད། ས་གནས་དེ་གའི་ཐོན་ཁུངས་ལ་བརྟེན་ནས་ཡུལ་སྐོར་ཁྱད་ལྡན་ཐོན་ཟོག་ཐོན་སྐྱེད་བྱས་ཏེ་ཡུལ་མི་སྤུན་ཟླ་དེ་བས་མང་བ་ཕྱུག་འགྱུར་ལམ་དུ་ཁྲིད་རྩིས་ཡོད་པ་རེད།

          འབྲོག་མ་གྲོང་ཚོའི་ཚོགས་ཆུང་བཞི་པའི་རྣམ་པ་གསར་པ།
          ཁོང་གིས“ང་ཚོའི་གྲོང་ཚོ་ཞང་ཞུང་མེ་ཏོག་མཛེས་ལྗོངས་ཁུལ་དང་ཐག་ཉེ་པོ་ཡོད་པས་ཡུལ་སྐོར་ལས་རིགས་འཕེལ་རྒྱས་གཏོང་རིན་ཆེན་པོ་ཡོད་ལ། ཞིང་པའི་སྤྲོ་སྐྱིད་ཁང་དང་ཁྱིམ་ཚང་མགྲོན་ཁང་བཙུགས་ན་ཧ་ཅང་ཡག་པོ་ཡོད། དེ་ལྟར་བྱས་ན་རང་ཉིད་ཕྱུག་པོ་ཆགས་པ་མ་ཟད། ད་དུང་མི་སེར་ཚོ་ཡང་ཕྱུག་པོ་ཆགས་ཐུབ”ཅེས་བརྗོད།
          2020ལོར་བསྟན་པ་མཐར་ཕྱིན་གྱིས་ལོ་མང་རིང་བསགས་པའི་སྒོར་ཁྲི་400དང་། དབུལ་བུན་སྒོར་ཁྲི་200གཡར་ནས་རང་ཁྱིམ་འགྲམ་དུ་ཞིང་པའི་སྤྲོ་སྐྱིད་ཁང་ཞིག་བསྐྲུན་པ་རེད། ད་ཆ་ཞིང་པའི་སྤྲོ་སྐྱིད་ཁང་དེར་གཞི་ཁྱོན་རགས་ཙམ་ལྡན་པ་དང་2021ལོར་དངོས་སུ་ཚོང་གཉེར་བྱ་རྩིས་ཡོད་པ་རེད།
          གལ་སྲིད་བྱ་གསོ་ར་བ་བསྟན་པ་མཐར་ཕྱིན་གྱིས་བྱ་གཞག་གཏོད་པའི་རྨང་གཞི་ཡིན་ན། ཞིང་པའི་སྤྲོ་སྐྱིད་ཁང་དེ་ཁོང་གི་བྱ་གཞག་འཕེལ་རྒྱས་ཀྱི་གཤོག་ཟུང་ལྟ་བུ་རེད་ལ། བསྟན་པ་མཐར་ཕྱིན་གྱི་བྱ་གཞག་གཏོད་པའི་ལམ་བུ་དེ་བས་ཇེ་ཡངས་སུ་འགྲོ་ངེས་རེད།
རྩོམ་སྒྲིག་པ། སྣང་རྡོར།