ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ11པའི་ཚེས20ཉིན། “བདེ་ཐང་ཆེན་པོ+སིལ་ཚོང་གསར་པ”ཞེས་པའི་ 2020ལོའི་བོད་ལྗོངས་ཀྱི་བདེ་ཐང་ཐོན་ལས་ཆེན་མོའི་གླེང་སྟེགས་ལྷ་སར་འཚོགས་ཤིང་། སྲིད་གཞུང་དང་ཁེ་ལས། ལས་རིགས་སོ་སོའི་འཐུས་མི་མཉམ་དུ་འཛོམས་ནས་བོད་ལྗོངས་ཀྱི་བདེ་ཐང་ཐོན་ལས་འཕེལ་རྒྱས་ཀྱི་ཐབས་ལམ་གསར་པ་ལ་དཔྱད་བསྡུར་བྱས་པ་རེད།
གླེང་སྟེགས་ཀྱི་ཡུལ་དངོས།
“ལོ་ལྔ་ཚན་བཅུ་གསུམ་པའི”རིང་ལ་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་རྒྱལ་ཁབ་ཀྱི་འབོད་སྐུལ་དང་ལེན་ཧུར་ཐག་ཞུས་ནས་གཅིག་གྱུར་འཆར་འགོད་དང་ཚན་རིག་དང་མཐུན་པའི་ཁྲིད་སྟོན་བྱས་ཏེ་བདེ་ཐང་ཐོན་ལས་ ཆེན་པོ་ཁྱོན་ཡོངས་ནས་འཕེལ་རྒྱས་སུ་བཏང་ཞིང་། བདེ་ཐང་བོད་ལྗོངས་འཛུགས་སྐྲུན་དང་བདེ་ཐང་ཐོན་ལས་འཕེལ་རྒྱས་སུ་གཏོང་བའི་ཆ་སྒྲིག་སྲིད་ཇུས་དང་བྱ་ཐབས་རབ་དང་རིམ་པ་གཏན་འབེབས་བཟོས་ནས་ཁྱབ་བསྒྲགས་བྱས་པ་དང་། ཐོན་ལས་ཀྱི་གྲུབ་ཆ་དང་ཐོན་ཁུངས་ཀྱི་བཀོད་སྒྲིག་དག་རྒྱུན་ཆད་མེད་པར་ཇེ་ལེགས་སུ་བཏང་བས་བོད་ལྗོངས་ཀྱི་བདེ་ཐང་ཐོན་ལས་ཆེན་པོར་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་ཞིག་མངོན་པར་བྱས་ཡོད། ཐོན་ལས་ཀྱི་གཞི་ཁྱོན་བརྟན་འཇགས་ངང་འཕར་བ་དང་རྟེན་གཞི་འཛུགས་སྐྲུན་ལ་ཕན་འབྲས་རགས་ཙམ་ཐོན་ནས་གཙོ་ཁྲིད་ཐོན་ལས་ཀྱི་སྟོབས་ཤུགས་ཉིན་རེ་བཞིན་ཇེ་ཆེར་ཕྱིན་པ་དང་། ཐོན་རྫས་ཀྱི་ཁྱད་ཆོས་ཉིན་རེ་བཞིན་མངོན་གསལ་ཇེ་དོད་དུ་ཕྱིན་པ། སྨན་རྫས(ལུས་ཁམས་བདེ་སྲུང་ཐོན་རྫས)དང་། ལྗང་མདོག་ཟས(བཏུང་བྱ)རིགས། ལག་ཤེས་བཟོ་རྩལ་ཐོན་རྫས། ཉེར་མཁོའི་ཐོན་རྫས(མཛེས་ཆོས་བྱུག་རྫས)སོགས་ཁྱད་ཆོས་ལྡན་པའི་བདེ་ཐང་ཐོན་རྫས་ཀྱི་ཚོང་ར་རྒྱུན་ཆད་མེད་པར་རྒྱ་སྐྱེད་བཏང་ནས་མི་རིགས་ཁག་གི་མི་དམངས་ལ་བདེ་ཐང་བསྐྲུན་ཡོད།
བོད་རང་སྐྱོང་ལྗོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་དང་སྤྱི་ཁྱབ་ཚོང་ཚོགས་ཀྱི་ཚོགས་གཙོ་ང་ཕོད་འཇིགས་ཡོན་གྱིས་གླེང་སྟེགས་ཀྱི་ཤིས་ཚིག་ནང་དུ་མཉམ་འབྲེལ་དྲ་རྒྱའི་དུས་རབས་སུ་ཆ་འཕྲིན་ལག་རྩལ་གསར་གཏོད་ཟམ་མི་ཆད་པར་རྒྱ་ཆེར་སྤེལ་བ་དང་། དེང་རབས་ཀྱི་དངོས་ཟོག་སྐྱེལ་འདྲེན་མ་ལག་ཉིན་རེ་བཞིན་འཐུས་སྒོ་ཇེ་ཚང་དུ་ཕྱིན་ནས་བོད་ལྗོངས་ཀྱི་ཐོན་ལས་དང་རྒྱལ་ཁབ་ཕྱི་ནང་གི་ཁྲོམ་རའི་བར་ཐག་ཧ་ཅང་ཐུང་དུ་གྱུར་པས། བོད་ལྗོངས་ལའང་ས་ཁུལ་གཞན་དང་འདྲ་བའི་ཁྲོམ་རའི་གོ་སྐབས་ཐོབ་པ་དང་བོད་ལྗོངས་ཀྱི་མཉམ་འབྲེལ་རྡ་རྒྱའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཡང་རྒྱུན་མཐུད་ངང་འཐུས་སྒོ་ཇེ་ཚང་དུ་འགྲོ་བཞིན་ཡོད། ས་གནས་དེ་གའི་ཁེ་ལས་ཀྱིས་དྲ་རྒྱའི་ཆ་འཕྲིན་ལག་རྩལ་བེད་སྤྱོད་ཇེ་མགྱོགས་སུ་བཏང་ནས“གྲངས་ཀའི་གོ་སྐབས”དམ་འཛིན་དང“དྲ་སྦྲེལ+”འགུལ་སྐྱོད་དོན་འཁྱོལ་བྱས་ཏེ། དྲ་སྦྲེལ་ལག་རྩལ་དེ་བདེ་ཐང་ཐོན་ལས་ཆེན་པོའི་ཞིབ་འཇུག་གསར་སྤེལ་དང་ཐོན་སྐྱེད་ཀྱི་དང་ཟུང་འབྲེལ་བྱེད་པ་དང་། ཐོན་རྫས་ཞབས་ཞུ་དང་ཟུང་འབྲེལ། སྤུས་ལེགས་ཟོང་རྟགས་ཁྱབ་སྤེལ་བཏང་ནས་ཚོང་རའི་ཕྱིར་འཚོང་དང་ཟུང་འབྲེལ། བོད་ལྗོངས་ཀྱི་ཁྱད་ལྡན་ལེགས་ཆའི་ཐོན་རྫས་ཀྱི“དྲ་ཐོག་མཁའ་ལམ”གསར་བཏོད་བཅས་བོད་ལྗོངས་ཀྱི་བདེ་ཐང་ཐོན་ལས་ཆེན་པོའི་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་རྒྱུའི་རེ་བ་བཅངས་ཡོད་ཅེས་གསུངས་པ་རེད།
བོད་ལྗོངས་སུ་བདེ་ཐང་ཐོན་ལས་ཆེན་པོ་འཕེལ་རྒྱས་གཏོང་རྒྱུ་དེ་རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་དང་། ས་མཐོའི་ཁྱད་ལྡན་ཞིང་ལས་ཐོན་རྫས་ཐོན་སྐྱེད་རྟེན་གཞི་དང་འཛམ་གླིང་གི་ཡུལ་སྐོར་བྱ་ཡུལ་སོགས་ཀྱི་འཐབ་ཇུས་རྟེན་གནས་གལ་ཆེན་དང་འཚམ་པ་མ་ཟད། དུས་མཚུངས་སུ་ས་ཁོངས་གཞན་དག་གིས་སྡུར་ཐབས་བྲལ་བའི་ཁྱད་ལྡན་ཐོན་ལས་ཐོན་ཁུངས་ཀྱི་ལེགས་ཆ་ཡང་འཛོམས་ཡོད། བོད་ལྗོངས་ནི“སའི་གོ་ལའི་སྣེ་གསུམ་པ”ཡིན་པས་འཛམ་གླིང་ཐོག་མཁའ་རླུང་དང་། ས་རྒྱུ། ཆུ་བཅས་གཙང་ཞིང་དྭངས་ལ་ལྗང་མདོག་གི་བཟའ་བཅའི་རྒྱུ་ཆ་དང་། སྨན་རྫས་དང་རང་བྱུང་ཆུའི་ཐོན་ཁུངས་བཅས་ཕུན་སུམ་ཚོགས་པོ་ཡོད། གོ་ལ་ཧྲིལ་པོར་སྐད་གྲགས་ཆོད་པ་དང་ཐུན་མོང་མ་ཡིན་པའི་བོད་ལུགས་གསོ་རིག་དང་བོད་སྨན་གྱི་ལུས་ཟུངས་གསོ་བའི་མ་ལག་མཆིས་ཤིང་། སྣ་མང་ཕུན་སུམ་ཚོགས་ལ་དྭངས་གཙང་ལྷད་མེད་ཀྱི་དམངས་སྲོལ་རིག་གནས་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་ཁོར་ཡུག་ཀྱང་ལྡན་ཡོད།
བོད་ལྗོངས་ཀྱི་བདེ་ཐང་ཐོན་ལས་ཆེན་པོར་ཐུན་མོང་མ་ཡིན་པའི་ལེགས་ཆ་ལྡན་ཡོད་པས་བོད་ལྗོངས་ཀྱི་བདེ་ཐང་ཐོན་ལས་ཆེན་པོ་དང་སིལ་ཚོང་གསར་པ་ཇི་ལྟར་ཟུང་འབྲེལ་བྱེད་དགོས་སམ་ཞེ་ན། འདིའི་ཐད་ལ་བོད་རང་སྐྱོང་ལྗོངས་ཚོང་དོན་ཐིང་ཏང་ཙུའུ་ཡི་ཁོངས་མི་མཁོ་ཚོང་མཉམ་ལས་ཁང་གི་ཀྲུའུ་རེན་ལུང་ཏ་ཁེ་ཡིས་མཉམ་འབྲེལ་དྲ་རྒྱ་ལ་བརྟེན་ནས་གཞི་གྲངས་ཆེན་པོ་དང་མིས་བཟོས་རིག་ནུས་སོགས་སྔོན་ཐོན་ལག་རྩལ་གྱི་བྱེད་ཐབས་སྤྱད་པ་བརྒྱུད། སིལ་ཚོང་གི་དྲ་ཐོག་དང་དྲ་ཕྱིའི་ཁྲོམ་ར་གསར་པ་ཤར་གཏོང་བྱས་ནས་དྲ་ཐོག་དང་དྲ་ཕྱིའི་ཕྱོགས་གཉིས་ཀྱི་ཕྱིར་གཏོང་གས་འགྱུར་བྱེད་པར་མངོན་འགྱུར་ཡོང་བ་བྱས་ཏེ་བདེ་ཐང་ཁེ་ལས་ཀྱིས་སྤུས་ལེགས་ཟོང་རྟགས་སྐྱེད་སྲིང་ལ་མཐོང་ཆེན་བྱེད་པ་ཕུད། ད་དུང་སྤྱོད་མཁན་གྱི་ཉམས་ལེན་ལ་མཐོང་ཆེན་བྱས་ཏེ་ཐོན་རྫས་ལྟེ་བར་བཟུང་བ་དང་ཁྱོན་ཡོངས་ཀྱི་ཞབས་ཞུ་མཁོ་འདོན་བྱེད་ཅིང་། དྲ་ཐོག་དང་དྲ་ཕྱི་མཉམ་འདྲེས་ལ་སྐུལ་འདེད་བཏང་ནས་འཛད་སྤྱོད་ཐབས་ལམ་ཇེ་ལེགས་སུ་གཏོང་བ་དང་རྣམ་པའི་ཐད་ཀྱི་བཀག་རྒྱ་མེད་པར་བཟོ་དགོས་ཞེས་བསྟན།
“དྲ་ཐོག་ཞབས་ཞུ་དང་། ཡུལ་དངོས་་ཉམས་ལེན། མཉམ་འགུལ་འབྲེལ་མཐུད་བཅས་ཀྱི་ཐབས་ལམ་སོགས་ལ་མཉམ་འདྲེས་གཏིང་ཟབ་བྱུང་ཚེ་བོད་ལྗོངས་ཀྱི་བདེ་ཐང་ཐོན་ལས་ཆེན་པོ་དང་སིལ་ཚོང་གསར་པ་དེ་བས་ལེགས་པའི་སྒོ་ནས་ཟུང་འབྲེལ་བྱེད་ཐུབ་ཅིང་། བོད་ལྗོངས་ཀྱི་བདེ་ཐང་ཐོན་རྫས་ཆེ་གྲས་ཀྱི་སྤུས་ལེགས་ཟོང་རྟགས་དང་། ཁེ་ལས་ཀྱི་སྐད་གྲགས་ཆོད་ཚད། ཤུགས་རྐྱེན་ཐེབས་ཚད་བཅས་ཆེ་རུ་གཏོང་ཐུབ་རྒྱུ་རེད།”ཅེས་ལུང་ཏ་ཁེ་ཡིས་དེ་ལྟར་བཤད།
འཐབ་ཇུས་མཉམ་ལས་ཀྱི་གན་རྒྱ་འཇོག་པའི་ཡུལ་དངོས།
“བདེ་ཐང་ཐོན་ལས་ཆེན་པོ་དེ་རྒྱལ་ཁབ་ཀྱི་འཐབ་ཇུས་སུ་གྱུར་པ་དང་ཆབས་ཅིག མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་བདེ་ཐང་འཚོ་བའི་འཛད་སྤྱོད་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པས་བདེ་ཐང་ཐོན་ལས་ཆེ་གྲས་ལ་རྒྱུན་མཐུད་ངང་འཕེལ་རྒྱས་མྱུར་པོ་འགྲོ་བའི་དུས་སྐབས་ཤིག་འཆར་རྒྱུ་རེད།” བོད་རང་སྐྱོང་ལྗོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་སྤྱི་ཁྱབ་ཚོང་ཚོགས་ཀྱི་ཚོགས་གཙོ་ང་ཕོད་འཇིགས་ཡོན་གྱིས། སྲིད་གཞུང་དང་ཁེ་ལས། ལས་རིགས་བཅས་ཕྱོགས་སོ་སོས་སེམས་ཤུགས་གཅིག་སྒྲིལ་དང་། མ་ལག་གོང་སྤེལ། ཁྱོན་ཡོངས་ནས་འཕེལ་རྒྱས་བཅས་གོ་སྐབས་དམ་འཛིན་གྱིས་བབ་བསྟུན་འཕྲལ་སྒྲུབ་བྱས་ནས་བོད་ལྗོངས་ཀྱི་བདེ་ཐང་ཐོན་ལས་ཆེན་པོར་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་བྱུང་བར་འབད་པ་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས།
རྩོམ་སྒྲིག་པ། སྣང་རྡོར།