ངེད་དྲ་བའི་སྟེང་ཁམས་པའི་བརྙན་འཕྲིན་ཁང་གི“མེ་ཏོག་སྤང་ལ་བཞད་པ”ཞེས་པའི་ལོ་གསར་གླུ་གཞས་དགོང་ཚོགས་དུས་མཉམ་དུ་གཏོང་གྲབས་ཡོད།
སྤེལ་དུས 2020-12-30
ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།
རྩོམ་པ་པོ། འབྲུག་རྒྱལ་མཁར་གྱིས་བསྒྱུར།
ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཉིན་ཤས་ཀྱི་གོང་དུ་ཁམས་པའི་བརྙན་འཕྲིན་ཁང་གི་2021ལོར་ཁྲེང་ཏུའུ་རུ་ཕྱི་ལོའི་ལོ་བརྒལ་གྱི་གླུ་གཞས་དགོང་ཚོགས་བདེ་བླག་ངང་ཕབ་འཇུག་བྱས་པ་དང་། རྒྱལ་ཡོངས་ས་གནས་ཁག་ནས་ཡོང་བའི་བོད་རིགས་ཀྱི་གསར་སྐྱེས་གཞས་པ་སུམ་ཅུ་ལྷག་ཙམ་གྱིས་གླུ་གཞས་དགོང་ཚོགས་ཀྱི་སྟེང་དུ་མི་རིགས་རང་གི་གླུ་དབྱངས་བླངས་པས། རིག་གནས་ཀྱི་གདེང་ཚོད་དང་སྤོབས་པ་རྙེད་ལ། མི་རིགས་ཀྱི་ཉམས་བཟང་མངོན་པར་མཚོན་པ་རེད།
ཕྱི་ལོའི་ལོ་གསར་གླུ་གཞས་དགོང་ཚོགས་ཀྱི་ཕབ་ལེན་ཡུལ་དངོས།
2021ལོའི“མེ་ཏོག་སྤང་ལ་བཞད་པ”ཞེས་པའི་ལོ་གསར་གླུ་གཞས་དགོང་ཚོགས་ཀྱི་གར་སྟེགས་སྟེང་། ཀྲུང་དབྱང་བརྙན་འཕྲིན་ཁང་དང་སི་ཁྲོན་བརྙན་འཕྲིན་ཁང་སོགས་ཀྱི་གར་སྟེགས་སུ་བུད་མྱོང་བ་དང་། 《ཀྲུང་གོའི་གླུ་དབྱངས་གསར་པ》དང་། 《སྐར་ཚོགས་ལམ་ཆེན》《སྤྲོ་སྣང་ལྡན་པའི་ཕོ་གསར》སོགས་སྐད་གྲགས་ཆེ་བའི་ལེགས་འདེམས་ལེ་ཚན་ནང་ཞུགས་མྱོང་བའི་ཚེ་རིང་ལྷ་སྐྱིད་དང་། བསོད་ནམས་མགོན་པོ། གདུགས་དཀར་ཡག་སོགས་ལྟད་མོ་བར་རྒྱུས་མངའ་ཆེ་བའི་ན་གཞོན་གཞས་པ་ཡོད་པ་མ་ཟད། ནོར་བུ་བསམ་གྲུབ་དང་། བདེ་སྐྱིད་ཚེ་རིང་། པད་མ་བསམ་གྲུབ་སོགས་ལྟད་མོ་བ་ཚོའི་དགའ་བསུ་ཐོབ་པའི་གཞས་པ་ཡོད་ལ། སྐད་གདངས་མཐོན་པོའི་བོད་རིགས་གཞས་པ་གྲགས་ཅན་ཚེ་མགོན་སོགས་ཀྱང་ཡོད་པ་རེད། ད་དུང་ལྟད་མོ་བ་ཚོས་ཧ་ཅང་དགའ་པོ་བྱེད་པའི་བསྟན་འཛིན་གྱིས་ཀྱང་རང་ཉིད་ཀྱི་ཕྱོགས་བསྡུས་སྒྱུ་རྩལ་འཁྲབ་སྟོན་ཐོག་མ་དེ་ཁམས་པའི་བརྙན་འཕྲིན་ཁང་གི་ལོ་གསར་གླུ་གཞས་དགོང་ཚོགས་ཀྱི་གར་སྟེགས་སུ་འཁྲབ་སྟོན་བྱས་པ་རེད།
ལོ་གསུམ་ལ་བསྟུད་མར་སྤེལ་བའི“མེ་ཏོག་སྤང་ལ་བཞད་པ”ཞེས་པའི་ལོ་གསར་གླུ་གཞས་དགོང་ཚོགས་ཀྱིས་བོད་གཞས་དང་བོད་གཞས་ལ་དགའ་པོ་བྱེད་མཁན་ཚོར་གླུ་གཞས་ཀྱི་དགའ་སྟོན་གཟབ་རྒྱས་ཤིག་བཤམས་པ་རེད། ཁམས་པའི་བརྙན་འཕྲིན་ཁང་གིས་རྒྱུན་ལྡན་དུ་ལེ་ཚན་གཏོང་བའི་སྐབས་སུ་བོད་རིགས་ཀྱི་རོལ་དབྱངས་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་རྒྱུར་གཞོལ་བ་མ་ཟད། 《ཁམས་པའི་དགའ་ཚལ》དང་། 《ཀྲུང་གོ་བོད་གླུའི་པང་།》 《དྲི་ཟའི་དབྱངས།》 《དགའ་སྤྲོའི་ཕོ་ཉ།》 《གཟའ་མཇུག་གར་སྟེགས།》སོགས་གླུ་གར་རིགས་ཀྱི་ལེ་ཚན་དག་བོད་གཞས་ལ་དགའ་མོས་བྱེད་མཁན་མང་པོའི་ཐུན་མོང་གི་ཁྱིམ་གཞིས་ལྟ་བུར་གྱུར་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། ཁམས་པའི་བརྙན་འཕྲིན་ཁང་གི2021ལོའི“མེ་ཏོག་སྤང་ལ་བཞད་པ”ཞེས་པའི་ལོ་གསར་གླུ་གཞས་དགོང་ཚོགས་དེ་ཟླ12པའི་ཚེས31ཉིན་གྱི་དགོང་མོར་ཁམས་པའི་འཕྲིན་ཁང་ནས་སྟོན་རྒྱུ་ཡིན་པ་དང་། སྐབས་དེ་དུས་ཀྲུང་གོའི་བོད་ལྗོངས་དྲ་བ་ནས་དུས་གཅིག་ཏུ་སྟོན་རྒྱུ་ཡིན་པས་ཚང་མས་དུས་ལྟར་གཟིགས་པར་དགའ་བསུ་ཞུ།
ཐད་གཏོང་དྲ་ཚིགས། http://media.tibet.cn/live/index.shtml
རྩོམ་སྒྲིག་པ། བདེ་སྒྲོལ།